ཕྱི་རྒྱལ་གྱིས་ལན་འདེབས།
“མདང་ནུབ་ཝི་ཡ་ཎ་(Vienna)ནང་ཡོད་པའི་སློབ་གཉེར་བ་ཚོས་ཅེག་སི་ལོ་ཝ་ཀི་ཡའི་སློབ་ཕྲུག་ཚོ་དང་མཉམ་དུ་ཁྲོམ་ལམ་དུ་ཐོན་ཏེ་ཆིག་སྒྲིལ་གྱི་འབོད་ཚིག་ལྷང་ལྷང་དུ་སྒྲོག་སོང། ཁོང་ཚོས་འཕྲད་དར་བཅུ་གཉིས་ཀྱི་ཚན་པ་མང་པོ་འཁྱེར་བཞིན་ངག་བཅད་ཁྲོམ་སྐོར་བྱས་སོང།”
སི་འོལ་བོ་ཌ་ཎི་སོ་ལོ་འོ་ཉིན་རེའི་གསར་ཤོག་ལས། སྤྱི་ལོ་༡༩༦༩ལོའི་ཟླ་བ་༡་ཚེས་༢༥ཉིན།
ཅེག་སི་ལོ་ཝ་ཀི་ཡའི་དཔྱིད་རྒོལ་དང་དམིགས་བསལ་སྤྱི་ལོ་༡༩༦༨ལོའི་ཟླ་བ་༨པའི་ཚེས་༢༡གི་རྗེས་སུ་རྒྱལ་སྤྱིའི་དོ་སྣང་བསླེབས་ཡོད། ལོ་དེར་ཡོ་རོབ་ཀྱི་དབུས་སུ་ཆགས་ཡོད་པའི་རྒྱལ་ཁབ་ཞིག་ལ་བཙན་འཛུལ་བྱས་པ་དེས་འཛམ་གླིང་ཁྱོན་ཡོངས་ཀྱིས་གདུང་སེམས་མཉམ་སྐྱེད་བྱས་ཡོད། སྤྱི་ལོ་༡༩༦༩ལོའི་ཟླ་བ་༡་ནང་ཡཱན་པ་ལ་ཁ་ཡིས་རང་ལུས་མེར་བསྲེགས་བྱས་པ་དེར་སླར་ཡང་ཕྱི་རྒྱལ་ཁག་གིས་དོ་སྣང་ཆེན་པོ་བསླེབས་ཡོད། ཁོང་གི་ཐུན་མིན་རང་བཞིན་གྱི་ངོ་རྒོལ་དེས་འཛམ་གླིང་ཁྱོན་ཡོངས་ལ་གཡོ་འགུལ་ཆེན་པོ་ཐེབས་ཡོད་པ་དང་ཡོ་རོབ་ནང་དེ་སྔར་མཐོང་མ་མྱོང་བའི་ལས་འགུལ་གསར་པ་ཞིག་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཡུ་ཐེན་ཏྲ་(U Thant)ཡིས་ཡཱན་པ་ལ་ཁ་འདས་གྲོངས་སུ་གྱུར་པར་མྱ་ངན་འཚམས་འདྲི་ཞུས་ཡོད། ཨི་ཏྲ་ལིན་གྱི་སྲིད་བློན་མ་རིས་ནོ་ རུ་མིར་གྱིས་ཁོང་ཉིད་ལ་གུས་འདུད་འཚམས་འདྲི་ཞུས་ཡོད་ལ། རྒྱ་གར་གྱི་སྲིད་བློན་ཨིན་ཌིར་གྷན་དྷི་མཆོག་གིས་ཁོང་ནི་མ་ཧཱ་ད་མ་གྷན་དྷི་ཡི་ལྷན་དུ་སྡུག་བསྔལ་གྱིས་མནར་བཞིན་པའི་སེམས་ཅན་རྣམས་ཀྱི་རྗེས་སུ་འབྲང་མཁན་ཞིག་རེད་ཅེས་བརྗོད་ཡོད། མ་ཟད་ཡེ་ཤུའི་བླ་ཆེན་པོབ་པཱོལ་དྲུག་པ་མཆོག་གིས་ཀྱང་ཡཱན་པ་ལ་ཁའི་རྗེས་དྲན་ལ་སྤྱི་ལོ་༡༩༦༩ལོའི་ཟླ་བ་༡་ཚེས་༢༦ལ་གུས་བརྩིའི་གསུང་འཕྲིན་ཕེབས་དོན་“གཞན་གྱིས་བློས་བཏང་ལས་བྱུང་བའི་ཆེས་ཚད་མཐོ་བའི་རིན་ཐང་དེ་ལ་ང་ཚོས་གུས་བསྟོད་ཀྱིས་ཆེ་མཐོང་ཆེན་པོའི་དང་ལེན་ཞུ་བཞིན་ཡོད་མོད། འོན་ཀྱང་ཁོང་ཚོའི་དམིགས་ཡུལ་དེ་ལ་བརྟེན་ནས་བྱུང་བའི་ཡིད་སྐྱོ་བའི་གནད་དོན་གྱི་འཇུག་འབྲས་དག་ལ་ང་ཚོས་དང་ལེན་བྱེད་ཐུབ་ཀྱི་མེད་པ་ཡིན་པ་རེད།”ཅེས་གསུངས་ཡོད།
ཡོ་རོབ་ནུབ་མའི་རྒྱལ་ས་མང་པོའི་ནང་དུ་སློབ་ཕྲུག་ཚོས་རྗེས་དྲན་གྱི་ལས་འགུལ་རབ་དང་རིམ་པ་སྤེལ་ཡོད་པ་རེད། ལས་འགུལ་ཆེ་ཤོས་ནི་རཱོམ་དང། མེས་ལེན། ཧྥོ་ལོ་རན་སི། ཝིས་ཎ། ཨ་མིས་ཏྲེར་ཌོམ་བཅས་སུ་སྤེལ་ཡོད་པ་རེད། སྤྱི་ལོ་༡༩༦༩ལོའི་ཟླ་བ་༡་ནང་ཡཱན་པ་ལ་ཁའི་དྲན་རྟེན་བཞེངས་རྒྱུའི་ཆེད་དུ་ཨི་ཊ་ལིའི་ཐེབས་རྩས་ལས་འགུལ་ཞིག་རྩ་འཛུགས་གནང་ཡོད་པ་དང་ལོ་གཅིག་གི་རྗེས་སུ་ཁོང་གི་དྲན་རྟེན་འདྲ་སྐུ་དེ་ཉིད་ལེགས་པར་གྲུབ། དྲན་རྟེན་འདྲ་སྐུ་འཇོག་སའི་ས་ཆ་དེའི་མིང་ལ་པཱ་ཡེ་ཛཱ་ཡཱན་པ་ལ་ཁ་(Piazza Jan Palach) ཞེས་པའི་མིང་གསར་དུ་བཏགས་ཡོད་པ་རེད། དེ་དང་འདྲ་བའི་དྲན་རྟེན་མང་པོ་གྲོང་ཁྱེར་གཞན་པའི་ནང་དུ་གསར་བཞེངས་བྱས་ཡོད་ཅིང་ཡཱན་པ་ལ་ཁའི་མཚན་སྙན་འཛམ་གླིང་ཡུལ་གྲུ་གང་སའི་ནང་དུ་ཁྱབ་ཡོད། ཕྱི་རྒྱལ་ཁག་ཏུ་ཡཱན་པ་ལ་ཁའི་རྗེས་འབྲངས་མང་པོ་ཡོད་པ་མ་ཟད་ཨུ་རུ་སུའི་མཉམ་འབྲེལ་(USSR)ཡིན་པའི་རྒྱལ་ཁབ་གཞན་པའི་ནང་དུ་ཡང་རེ་ཟུང་ཡོད་པ་རེད།
ཡཱན་པ་ལ་ཁ་དང་ཡཱན་ཛཱན་ཇི་གཉིས་འདས་གྲོངས་སུ་གྱུར་ནས་ཟླ་བ་མང་པོ་ཕྱིན་རྗེས་ཕྱི་རྒྱལ་གྱི་ཚགས་ཤོག་ཐོག་ཁོང་གཉིས་ཀྱི་གནས་ཚུལ་ཐོན་ཡོད། འོན་ཀྱང་ལོ་བཅུ་ཕྲག་གཉིས་ཀྱི་རྗེས་སུ་ཚང་མས་དོ་སྣང་བྱེད་ས་དེ་ཅེག་སི་ལོ་ཝ་ཀི་ཡའི་བཙན་བྱོལ་སྐོར་གྱི་གནས་ཚུལ་དག་ཡིན་པ་རེད། སྤྱི་ལོ་༡༩༧༣ལོར་ཨོལ་ཤ་ནི་དུར་ཁྲོད་དུ་ཡོད་པའི་ཡཱན་པ་ལ་ཁའི་དུར་ས་ཕྱིར་འདོན་བྱས་སྐབས་མི་རྣམས་ཁོང་ཁྲོ་ཚད་ལས་འདས་པ་ཟོས་ཡོད། དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་ཡཱན་ཀཱ་བིཎ་(Jan Kavan)ཡིས་པ་ལ་ཁ་གསར་འགོད་ཁང་(Palach Press Agency)ཞེས་པ་ཞིག་གསར་འཛུགས་གནང་སྟེ་དེས་ཅེག་སི་ལོ་ཝ་ཀི་ཡའི་ཟློས་ཡ་དང་བཙན་བྱོལ་གྱི་རྩོམ་རིག་གི་སྐོར་གསར་འགྱུར་འགྲེམ་སྤེལ་བྱེད་ཀྱི་ཡོད། པེ་རི་སིའི་ནང་ཧྥ་རན་སིའི་བཅའ་ཁྲིམས་དོན་ཚན་༧༧པའི་རྒྱབ་གཉེར་ལྷན་ཚོགས་ཀྱིས་ཡཱན་པ་ལ་ཁའི་རྟགས་མ་ཞེས་པ་དེ་གནང་འགོ་བརྩམས་པ་རེད།