མི་དམངས་ཀྱི་ཡ་ལན།

“དལ་ཅག་གེར་སྡོད་དང་མི་རྣམས་སྲང་ལམ་དུ་ཁེངས་འོང་།”

Oldřich Mikolášek, ཅེག་སྙན་ངག་པ་ཞིག སྤྱི་ལོ་༡༩༦༩ལོའི་ཟླ་བ་༡པོ་ལ།

སྤྱི་ལོ་༡༩༦༩ལོའི་ཟླ་བ་༡་ཚེས་༡༦གི་དགོང་མོ་དེ་ག་རང་ལ་རྒྱང་སྲིང་རླུང་འཕྲིན་ཁང་གིས་རིག་གནས་ཚན་པའི་སློབ་མ་ཡཱན་པ་ལ་ཁ་ཡིས་རང་ལུས་མེར་བསྲེགས་བཏང་ཡོད་པའི་གསར་འགྱུར་བརྒྱུད་སྒྲོག་བྱས། ཕྱི་ཉིན་ནས་བཟུང་རྒྱལ་ནང་དང་རྒྱལ་སྤྱིའི་གསར་འགྱུར་དང་གསར་ཤོག་ཁག་གི་ནང་དུ་གནས་ཚུལ་དང་མཆན་ཐོ་སོགས་བརྒྱ་ཕྲག་ལྷག་ཐོན། མི་དམངས་རྣམས་ཡཱན་པ་ལ་ཁའི་གཞི་རྩའི་ངོ་རྒོལ་འདི་ལ་ཧང་སང་ཞིང་ཧད་པར་གྱུར།

ཡཱན་པ་ལ་ཁའི་མངོན་འདོད་ལ་རྒྱབ་སྐྱོར་དང་པོ་ནི་སྤྱི་ལོ་༡༩༦༩ལོའི་ཟླ་བ་༡་ཚེས་༡༨ཉིན་རྒྱལ་ཡོངས་འགྲེམས་སྟོན་ཁང་གི་མདུན་དུ་ན་གཞོན་ཁྱུ་ཞིག་གིས་ཟས་བཅད་ངོ་རྒོལ་གྱི་ལས་འགོ་བརྩམས་པ་དང། ཟས་བཅད་ངོ་རྒོལ་དེ་ནི་ཧ་ཅང་གི་གྲང་ངར་ཆེ་བའི་གནམ་གཤིས་འོག་གུར་ནང་དུ་བསྟུད་མར་ཉིན་བཞིའི་རིང་བྱས་ཏེ་མཇུག་སྒྲིལ།

སྤྱི་ལོ་༡༩༦༩ལོའི་ཟླ་བ་༡་ཚེས་༢༠ཉིན་ཏེ་ཡཱན་པ་ལ་ཁ་འདས་གྲོངས་སུ་གྱུར་ནས་ཉིན་གཅིག་གི་རྗེས་ལ་མི་དམངས་སྟོང་ཕྲག་བཅུ་བརྒལ་བ་ཞིག་གིས་རྗེས་དྲན་གྱི་གོམ་བགྲོད་ལ་མཉམ་ཞུགས་བྱས། ཁྲོམ་སྐོར་དེ་ནི་མཐོ་སློབ་ཁང་གི་སློབ་མའི་མཉམ་འབྲེལ་མཐུན་ཚོགས་ཀྱི་བོ་ཧི་མི་ཡ་དང་མོ་རཱ་བི་ཡའི་སློབ་མ་(Union of University Students of Bohemia and Moravia) རྣམས་ཀྱིས་གོ་སྒྲིག་བགྱིས་པ་ཞིག་ཡིན་ཞིང་དེ་ནི་ཝན་སི་ལ་སི་བཞི་མདོར་(Wenceslas Square)ནས་འགོ་བཙུགས་ཏེ་མཐར་རིག་གནས་སྡེ་ཚན་གྱི་ཁང་ཆེན་མདུན་དུ་མཇུག་བསྡུས་པ་དང་མི་རེ་ཟུང་གིས་ཁང་པའི་བར་ཁྱམ་ནས་མར་གསུང་བཤད་ཀྱང་གནང་ཡོད།

དེ་ལྟ་བུའི་རྗེས་དྲན་གྱི་འདུ་ཚོགས་ནི་ཅེག་ཁ་ལོ་སི་ཝ་ཀིའི་གྲོང་ཁྱེར་གཞན་དུ་ཡང་སྤེལ་ཡོད། སྤྱི་ལོ་༡༩༦༩ལོའི་ཟླ་བ་༨པའི་ནང་ཝན་སི་ལ་སི་བཞི་མདོར་ནི་འདུ་ཚོགས་མང་ཤོས་བྱེད་སའི་ས་ཆ་གལ་ཆེན་ཞིག་ཆགས་ཡོད། ཆོས་དཔོན་ཝན་སི་ལ་སི་ཡི་འདྲ་སྐུ་རྡོ་རིང་གི་མདུན་དུ་ཡཱན་པ་ལ་ཁའི་འདྲ་པར་བཤམ་ཡོད་ཅིང་ཤོག་ལྷེ་ལྷུག་མས་བརྒྱན་པ་དང་ཡང་ལའི་སྒྲོན་མེ་སྤར་བཞིན་མཛད་སྒོའི་སྐོར་སྲུང་བ་ཞིག་གིས་ལག་ལ་དར་ཆ་འཆང་བཞིན་ལངས་འདུག རྒྱལ་ཡོངས་འགྲེམས་སྟོན་ཁང་གི་མདུན་གྱི་འཐོར་ཆུ་ཡོད་སར་འཇིམ་བཟོ་བ་ཨོལ་བི་རམ་ཛུའུ་སྦེག་གིས་བཟོས་གནང་བའི་ཡཱན་པ་ལ་ཁའི་དྲན་གསོའི་འདྲ་འབག་དེ་བཤམས་སྟོན་བྱས་འདུག

སྤྱི་ལོ་༡༩༦༩ལོའི་ཟླ་བ་༡་ཟླ་སྟོད་ལ་སྙན་ངག་པ་རྣམས་ཀྱིས་ཀྱང་པ་ལ་ཁའི་ཞུམ་མེད་ཀྱི་སྙིང་སྟོབས་ལ་ཡ་ལན་བྱིན་འགོ་བརྩམས། ཁོང་ཚོས་ཚགས་ཤོག་དང་དུས་དེབ་ཁག་གི་ནང་བྲིས་གནང་བའི་སྙན་ངག་དག་གིས་སྐབས་དེའི་གནས་སྟངས་ཀྱི་ཚོར་ཤུགས་ཡོངས་སུ་མཚོན་ཡོད། །