རྗེས་འབྲང་པ།

“ངས་འདི་ལྟར་བྱེད་པ་ནི་མྱ་ངན་ཞུ་ཆེད་དུ་མིན་ལ། སྙན་གྲགས་ཐོབ་ཆེད་ཀྱང་མིན། རང་ཉིད་སྨྱོ་སོང་བ་ནི་དེ་བས་ཀྱང་མིན། འཐབ་རྩོད་འདི་ལ་བརྟེན་ནས་ངས་ཁྱེད་ཉིད་ལ་མཐའ་དོན་བློ་ཁོག་ཞིག་བསྐྱེད་དུ་བཅུག་ནས་ཁྱེད་རང་ཉིད་སྲིད་དབང་སྒེར་འཛིན་པ་ཁ་ཅིག་གི་གམ་དུ་འབུད་འདོད་པ་ཡིན།”

ཡཱན་ཛྷ་ཡི་ཙི་(Jan Zajíc)གིས་ཅེག་སི་ལོ་ཝ་ཀི་ཡའི་མི་དམངས་ལ་གནང་བའི་གཏམ་བཤད་ལས། སྤྱི་ལོ་༡༩༦༩ལོའི་ཟླ་བ་༢པ་ལ།

ཡཱན་པ་ལ་ཁའི་འཆི་ཁའི་ཞལ་ཆེམས་ཡི་གེ་དེའི་ནང་དུ་རྗེས་འབྲང་གི་ཚོགས་པ་ཞིག་ཡོད་ཚུལ་བརྗོད་ཡོད་ཀྱང་དཔྱད་ཡིག་ཁག་དང་གཏམ་བཤད་ཁག་ལ་གཞི་བཅོལ་ཏེ་དཔང་རྟགས་མང་པོ་ལ་བལྟས་ཚེ་ཚོགས་པ་དེ་འདྲ་ཞིག་གཏན་ནས་བྱུང་མེད་པ་འདྲ། འོན་ཀྱང་སྤྱི་ལོ་༡༩༦༩ལོའི་འགོ་སྟོད་ལ་ཁོང་ཉིད་སྒེར་དང་ངོ་རྩ་བ་ནས་མི་ཤེས་པའི་མི་ཁྱུ་ཞིག་གིས་ཁོང་གི་ལད་ཟློས་བྱེད་བཞིན་ཡོད། ཁོང་གི་རྗེས་འབྲང་པ་ཕལ་ཆེ་བས་ཁོང་གི་བྱ་སྤྱོད་ལག་བསྟར་བྱས་ཡོད་ཀྱང་ཁོང་གི་ཆབ་སྲིད་ཀྱི་ལྟ་ཚུལ་ལག་བསྟར་བྱས་མེད།

སྤྱི་ལོ་༡༩༦༩ལོའི་ཟླ་བ་༡་ཚེས་༡༦ནས་༣༡བར་ཅེག་ཉེན་རྟོག་པས་འབྲེལ་ཡོད་གསར་འགོད་ཅིག་གི་ནང་སྦོ་ཧི་མི་ཡ་དང་(Bohemia)། མོ་རཱ་བི་ཡ(Moravia)། སེ་ལིས་སི་ཡ་(Silesia)བཅས་ཀྱི་ནང་རང་ལུས་མེར་བསྲེགས་བྱེད་མཁན་བཅུ་བྱུང་ཡོད་པ་དང་གཉིས་(ཡཱན་པ་ལ་ཁ་དང་ཇོ་སེབ་ཧཱ་ཝ་ཊིས་)འདས་གྲོངས་སུ་གྱུར་ཡོད་ཚུལ་བརྗོད་ཡོད། མིས་ལེན་སིར་ནེས་(Milan Černý)ཡིས་སྤྱི་ལོ་༡༩༦༩ལོའི་ནང་དཔྱད་ཞིབ་བྱས་པ་ལྟར་ན་ཅེག་ཉེན་རྟོག་པའི་གནས་བསྡུས་རེའུ་མིག་ནང་སྤྱི་ལོ་༡༩༦༩ལོའི་ཟླ་བ་༡ནས་བཟུང་ཅེག་སི་ལོ་ཝ་ཀི་ཡའི་ནང་དུ་རང་ལུས་མེར་བསྲེགས་བརྩམས་མཁན་ཁྱོན་མི་༢༩བྱུང་ཡོད་ཀྱང་ཁོང་གསུམ་པོ་(ཡཱན་པ་ལ་ཁ་དང་། ཡཱན་ཛྷ་ཡི་ཙི ཨེས་ཛན་པོལ་སེག (Evžen Plocek) ནི་ “གཞན་ཕན་གྱི་ལྟ་བ་ཅན་ཡིན་པ་སྨྲོས་མེད་དང་ཆབ་སྲིད་ཀྱི་བསམ་བློ་ལྡན་མཁན་ཞིག་རེད་”ཅེས་བརྗོད་ཡོད།

སྤྱི་ལོ་༡༩༦༩ལོའི་ཟླ་བ་༡་ཚེས་༢༠ཉིན་ཇོ་སེབ་ཧལ་ཝ་ཊིས་(Josef Hlavatý)༼རང་ལོ་༢༥། བཟོ་ལས་ངལ་རྩོལ་པ།༽ པལ་ཛིན་(Plzeň)དུ་རང་ལུས་མེར་བསྲེགས་བཏང་སྟེ་ཉིན་ལྔའི་རྗེས་ལ་འདས་གྲོངས་སུ་གྱུར་། ཁོང་གིས་རང་ལུས་མེར་བསྲེག་གཏོང་དགོས་དོན་ནི་སོ་ཝི་ཊའི་དབང་བསྒྱུར་ལ་ངོ་རྒོལ་བྱེད་ཆེད་དུ་ཡིན་ཞེས་ཨེམ་ཆི་ལ་བཤད་འདུག དེ་མ་ཟད་མེས་རཱོས་ལི་མཱ་ལིན་ཀཱ་(Miroslav Malinka)༼བཟོ་ལས་ངལ་རྩོལ་པ། སྦིར་ནོ་Brnoཡི་ནང་སྤྱི་ལོ་༡༩༦༩ལོའི་ཟླ་བ་༡ཚེས་༢༢་ལ།༽ དང་ཡཱན་སྦིར་སི་(Jan Bereš)༼རང་ལོ་༡༦། ཉམས་མྱོང་བརྡར་བ། ཆེབ་Chebནང་སྤྱི་ལོ་༡༩༦༩ལོའི་ཟླ་བ་༡་ཚེས་༢༦ལ༽གཉིས་ཀྱིས་ཡཱན་པ་ལ་ཁ་ལ་ཐད་ཀར་མིག་དཔེ་བླངས་ཡོད། དེ་ལྟར་ནའང་ཇོ་སེབ་ཧལ་ཝ་ཊིས་(Josef Hlavaty)དང་། མེས་རཱོས་ལི་མཱ་ལིན་ཀཱ་(Miroslav Malinka)། ཡཱན་སྦིར་སི་ (Jan Bereš)བཅས་ལ་སྒེར་དང་ནང་མིའི་དཀའ་ངལ་ཡོད་པར་བརྟེན་ཁོང་ཚོའི་རང་སྲོག་བློས་གཏོང་བྱེད་ཐབས་དེ་ལ་མི་དམངས་ཀྱིས་ཡོངས་གྲགས་སྐྱོན་བརྗོད་བྱས་ཡོད།

>>>

སྤྱི་ལོ་༡༩༦༩ལོའི་ཟླ་བ་༡་ཚེས་༢༡ལ་ཡཱན་ཛྷ་ཡི་ཙི་(Jan Zajíc)༼རང་ལོ་༡༨། སུམ་པག་(Šumperk)ནང་གི་འབྲིང་རིམ་འཕྲུལ་ལས་སློབ་གྲྭའི་སློབ་མ།༽ གིས་པ་རཱག་ནང་གི་རྒྱལ་ཡོངས་འགྲེམ་སྟོན་ཁང་གི་མདུན་དུ་ཡཱན་པ་ལ་ཁའི་མངོན་འདོད་ལ་རྒྱབ་སྐྱོར་མཚོན་སླད་ཟས་བཅད་ངོ་རྒོལ་ཁྲོད་མཉམ་ཞུགས་བྱས། ཡཱན་པ་ལ་ཁའི་དུར་འཇུག་རྗེས་བིས་ཀོ་(Vítkov)༼མཱོ་ར་ཝིན་སེ་ལིས་སི་མངའ་ཁོངས་།༽ཡོད་པའི་རང་ཁྱིམ་དུ་ལོག་ཡོད་ཀྱང་པ་རཱག་གི་ནང་གི་ཛ་དྲག་གི་གནས་སྟངས་འདིས་ཁོང་གི་སེམས་གཏིང་ལ་བག་ཆགས་ཟབ་མོ་ཞིག་བཞག་ཡོད། ཁོང་གིས་ཟས་བཅད་ངོ་རྒོལ་སྐབས་སུ་གལ་ཏེ་མི་སུས་ཀྱང་དང་པོ་རང་ལུས་མེར་བསྲེགས་གཏོང་མཁན་མ་བྱུང་ཚེ་རང་གིས་ཡཱན་པ་ལ་ཁ་ལྟ་བུའི་རང་ལུས་མེར་བསྲེགས་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་ཀྱང་ཁོང་གི་འཐབ་གྲོགས་ཚོས་མ་བྱེད་ཅེས་བཀག་འགོག་བྱས། འོན་ཀྱང་ཁོང་ཉིད་སུམ་པག་༼ཨོལ་མོ་མངའ་ཁོངས།༽ཏུ་ཡོད་པའི་སློབ་གྲྭ་རུ་ཕྱིར་ལོག་རྗེས་བསམ་བློ་དེ་སླར་ཡང་འཁོར་སླེབས། ཁོས་རང་ཉིད་ཀྱི་ཀུན་སློང་དག་ཕྱིར་བསྒྲགས་མེད་ལ། ཁོང་གི་གྲོགས་པོ་ཚོས་མ་བྱེད་ཇི་ལྟར་ལབ་ཀྱང་ཁོས་སེམས་ཐག་གཙང་མ་བཅད་ཟིན། སྤྱི་ལོ་༡༩༦༩ལོའི་ཟླ་བ་༢པའི་ཚེས་༢༥ལ་ཡཱན་ཛྷ་ཡི་ཙི་དང་ཁོང་གི་གྲོགས་པོ་ཡཱན་ཉེ་ཀེལ་(Jan Nykl)གཉིས་ཀྱིས་པ་རཱག་ཕྱོགས་སུ་བསྐྱོད་མཁན་གྱི་མེ་འཁོར་ལ་ཞུགས་ཏེ་ཆུ་ཚོད་ཁ་ཤས་རྗེས་ཝན་སི་ལ་སི་བཞི་མདོར་ནང་གི་སྒོ་རྟགས་ཨང་༣༩ཡི་བར་ཁྱམས་ཡོད་སར་ཁོས་རང་ལུས་མེར་བསྲེགས་བྱས། ཁོང་ཉིད་དེ་མ་ཉིད་དུ་ཕྱི་མའི་ལམ་དུ་ཆས་པས་མི་དམངས་ཚོས་ཁོང་གི་ལས་འགུལ་ལ་དོ་སྣང་བྱེད་རྒྱུའི་གོ་སྐབས་བྱུང་མེད། མི་དམངས་ཚོས་ཁོང་གིས་རང་སྲོས་བློས་གཏོང་བྱས་ཡོད་པ་དང་ཁོང་གིས་བྲིས་པའི་བསྒྲགས་གཏམ་རྣམས་གསར་ལམ་དང་འགྲེམ་ཡིག་བརྒྱུད་ནས་ཤེས་རྟོགས་བྱུང་ཡོད་པ་རེད།

ཡཱན་ཛྷ་ཡི་ཙི ཨེས་ཛན་པོལ་སེག (Evžen Plocek)༼རང་ལོ་༣༩། མཁོ་ཆས་བཟོ་པ་དང། ཚོང་འབྲེལ་མཉམ་ལས་དང་དམར་ཤོག་བཅོས་བསྒྱུར་པ།༽ ནི་སྤྱི་ལོ་༡༩༦༩ལོའི་ཅེག་སི་ལོ་ཝ་ཀི་ཡའི་ནང་གི་“ཚེ་སྲོག་གི་དཔལ་འབར་”(Living Torch)མཐའ་མ་དེ་ཆགས་ཡོད། ཁོང་གིས་སྤྱི་ལོ་༡༩༦༩ལོའི་ཟླ་བ་༢པའི་ཚེས་༤པ། རེས་གཟའ་པ་སངས་བཟང་པོ་༼མཆན། སྟོན་པ་ཡེ་ཤུ་རྒྱ་གྲམ་ལ་གཟེར་དུ་བཏབ་པའི་ཉིན་མོ་༽ཇི་ཧལ་ཝ་(Jihlava)ནང་ཡོད་པའི་བཞི་མདོར་ལྟེ་བ་(Main Square)༼དེང་སང་མཱ་ས་རི་ཡའི་བཞི་མདོར་Masaryk Square༽དུ་རང་ལུས་མེར་བསྲེགས་བྱས་ཡོད། འགྲེམ་ཡིག་རྙེད་སོན་བྱུང་བའི་ནང་འབོད་ཚིག་འདི་ལྟར་བཀོད་ཡོད་དེ་“བདེན་པ་བརྗོད་པ་ནི་གསར་བརྗེ་བ་རེད།-ཨེན་ཏྲོ་ནིའུ་ གྷི་རམ་སི།” ཞེས་དང་ཡང་། “ངས་ནི་ཕན་སེམས་ཅན་ལ་རྒྱབ་སྐྱོར་དང་སྙིང་རྗེ་མེད་མཁན་ལ་ཁོང་ཁྲོ་ཟ་གིན།-ཡུའུ་ཛན།”ཞེས་བྲིས་འདུག ཇི་ཧལ་ཝ་ཡི་ཕྱི་རོལ་དུ་ཁོང་གི་ལས་འགུལ་འདི་ལ་ཁ་ཡ་བྱེད་མཁན་བྱུང་མེད། རྒྱུ་མཚན་ནི་ངོ་རྒོལ་འདིའི་རིགས་ཀྱི་གནས་ཚུལ་རྣམས་གསར་ལམ་ཁག་ཏུ་ཁྱབ་བསྒྲགས་བྱེད་རྒྱུར་བཀག་ཟིན་པས་སོ།

ཡཱན་པ་ལ་ཁའི་ངོ་རྒོལ་དེ་མང་ཚོགས་ནང་དུ་ཁྱབ་བརྡལ་ཆེན་པོ་ཕྱིན་ཡོད་པ་མ་ཟ་ད་ཅེག་སི་ལོ་ཝ་ཀི་ཡའི་མཐའ་མཚམས་ལས་ཀྱང་བརྒལ་ཡོད། སེན་རྡོར་བྷ་འུར་(Sandor Bauer)༼རང་ལོ་༡༦། ཉམས་མྱོང་སྦྱོར་བརྡར་བ།༽གིས་སྤྱི་ལོ་༡༩༦༩ལོའི་ཟླ་བ་༡་ཚེས་༢༠ཉིན་བྷུ་དཱ་པེ་སི་ཊ་(Budapest)ལ་རང་ལུས་མེར་བསྲེགས་གནང་ཡོད་ཅིང་ཁོས་འཆི་ཁའི་ཁ་ཆེམས་ཡི་གེའི་ནང་དུ་ཡཱན་པ་ལ་ཁ་ལ་ཁུངས་གཏུགས་བྱས་ཡོད། སྤྱི་ལོ་༡༩༦༩ལོའི་ཟླ་བ་༤པའི་ཚེས་༡༣ལ་ཨི་ཇཱ་རི་སི་(Ilja Rips) ༼རང་ལོ་༢༠། ཇིའུའི་སློབ་གཉེར་བ་ཞིག༽ཡཱན་པ་ལ་ཁ་ལ་དཔེ་བླངས་ནས་ཅེག་སི་ལོ་ཝ་ཀི་ཡ་ལ་དབང་བསྒྱུར་བྱས་པར་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་བྱེད་རྩིས་བྱས་ཡོད། གཞན་ཡང་འཛམ་གླིང་ཁྱོན་ཡོངས་ལ་གྲགས་པའི་“ཚེ་སྲོག་གི་དཔལ་འབར་”གཞན་པ་མང་པོ་ཞིག་བྱུང་ཡོད་པ་དང་ཁོང་ཚོའི་དམིགས་ཡུལ་དངོས་གནས་གང་ཡིན་ཀྱང་རུང་ཚང་མས་ཡཱན་པ་ལ་ཁ་ལ་ཁུངས་གཏུགས་བྱས་ཡོད།

>>>