དུར་འཇུག

“མི་གཞན་ལ་བདེན་པའི་ཡིད་བརྟན་དུ་མི་བརྩི་བའི་དུས་རབས་འདིའི་ནང་མི་རྣམས་ཕན་ཚུན་གཅིག་གིས་གཅིག་ལ་འཇིགས་སྣང་བྱེད་ཅིང་། དུས་རབས་འདིའི་ནང་རང་གི་ཀླད་པའི་ཆུ་ཚད་ཆུང་ཆུང་ལས་མེད་ཀྱང་ང་ཚོས་རང་གིས་རང་ལ་ཡ་མཚན་མདོག་བྱས། མི་ཕུལ་བྱུང་ཞིག་ཡོང་བ་ལ་ཁོང་གིས་ང་ཚོར་རང་གིས་རང་ཉིད་ལ་དྲི་བ་ཞིག་འདོན་དུ་བཅུག་པ་ནི། ངས་གཞན་ལ་ཕན་གང་འདོགས་ཐུབ་བམ། ངའི་སེམས་ཀྱི་འཁྱེར་སོ་ཇི་འདྲ་རེད་དམ། ངའི་ཕུགས་འདུན་གང་ཡིན་ནམ། ངའི་མི་ཚེའི་ནང་གི་གལ་ཆེ་ཤོས་ནང་གི་ཆེ་ཤོས་དེ་གང་རེད་དམ། ཞེས་པ་དེའོ།”

སྤྱི་ལོ་༡༩༦༩ལོའི་ཟླ་བ་༡་ཚེས་༢༥ཉིན་Pastor Jakub S. Trojan ཡིས་ཡཱན་པ་ལ་ཁའི་དུར་ས་ལ་བསྩལ་གནང་བའི་བཀའ་སློབ།

ཡཱན་པ་ལ་ཁའི་དུར་འཇུག་སྤྱི་ལོ་༡༩༦༩ལོའི་ཟླ་བ་༡ཚེས་༢༥རེས་གཟའ་ཉི་མ་ལ་བྱས། མཐོ་སློབ་ཀྱི་སློབ་མའི་མཉམ་འབྲེལ་མཐུན་ཚོགས་ཀྱི་བོ་ཧི་མི་ཡ་དང་མོ་རཱ་བི་ཡའི་སློབ་མ་རྣམས་ལ་གོ་སྒྲིག་བྱེད་རྒྱུའི་བདག་དབང་སྤྲད་མ་ཟད། ཁོང་ཚོས་ཝན་སི་ལ་སི་བཞི་མདོར་ནས་རིག་གནས་སྡེ་ཚན་བར་གྱི་གོམ་བགྲོད་གོ་སྒྲིག་བྱས་པ་དེར་རྙོག་དྲ་གང་ཡང་བྱུང་མེད་པ་ནི་ཐུགས་རྗེ་ལེགས་འབུལ་ཞུ་འོས་པ་ཞིག་རེད། གོམ་བགྲོད་དེ་ནི་སྤྱི་ལོ་༡༩༦༩ལོའི་ཟླ་བ་༡་ཚེས་༢༠ཉིན་སྤེལ་ཡོད་པ་དང་མི་དམངས་སྟོང་བཅུ་ཕྲག་ཁ་ཤས་མཉམ་ཞུགས་བྱས་ཡོད། དངོས་གནས་བྱས་ན་མཐུན་ཚོགས་ཀྱི་ངོས་ནས་ཁོང་ཚོའི་འཐབ་གྲོགས་ཀྱི་ཕུང་པོ་སི་ལ་ཝིན་བང་སོ་(Slavín Tomb)(འདི་ནི་པ་རཱག་ནང་ཡོད་པའི་མི་སྣ་གལ་ཆེན་རྣམས་ཀྱི་ཕུང་པོ་དུར་འཇུག་བྱེད་སའི་དུར་ས་ཞིག་རེད)ལ་སྦས་རྒྱུའི་འདོད་པ་ཡོད་ཀྱང་སྲིད་གཞུང་ནས་ཆོག་མཆན་སྤྲད་མེད། མཐར་ཨོལ་ཤ་ནི་དུར་ཁྲོད་(Olsany Cemetery)དེ་ཡཱན་པ་ལ་ཁའི་ཆེས་མཐའ་མཇུག་གི་གནས་མལ་དུ་གྱུར།

པ་ལ་ཁའི་ཕུང་པོ་པུར་སྒམ་དང་ལྷན་དུ་སྤྱི་ལོ་༡༩༦༩ལོའི་ཟླ་བ་༡་ཚེས་༢༤ཉིན་ཁཱ་རོ་ལི་ནུམ་(Karolinum)(པེ་གུར་ནང་གི་ཆར་ལི་སི་གཙུག་ལག་སློབ་ཁང་ཡོད་སའི་ས་ལྟེ་བ།)དུ་སྤྱན་འབུལ་ཞུས་ཟིན་པ་དང། མི་དམངས་སྟོང་ཕྲག་བཅུ་ལྷག་ཙམ་བསླེབས་ནས་འདས་གྲོངས་སུ་གྱུར་ཟིན་པའི་སློབ་གཉེར་བ་ཁོང་ཉིད་ལ་གྱེས་ཕྱག་ཞུས། ཉིན་དེ་གའི་དགོང་མོར་རྗེས་དྲན་གྱི་གོམ་བགྲོད་ཅིག་ཝི་ཤེ་ཏ་ཏི་ལ་བྱས་པ་དང་དེའི་ནང་མང་ཆེ་བ་ཡུལ་མི་རྣམས་མཉམ་ཞུགས་བྱས་ཡོད། སྤྱི་ལོ་༡༩༦༩ལོའི་ཟླ་བ་༡་ཚེས་༢༥ཡི་ཞོགས་པ་ནས་རྗེས་དྲན་མཛད་སྒོ་མུ་མཐུད་པ་དང་ཉིན་རྒྱབ་ཙམ་ལ་གུས་འདུད་མྱ་ངན་གྱི་མཛད་སྒོ་དེ་ཁཱ་རོ་ལི་ནུམ་ཁྱམས་ར་(Karolinum courtyard)ལ་ཚོགས་ཡོད། ཆར་ལི་སི་གཙུག་ལག་སློབ་ཁང་གི་འགོ་འཛིན་ཨོལ་དྷི་རིག་སི་ཏ་རི་(Oldřich Starý)དང་རིག་གནས་སྡེ་ཚན་གྱི་རིགས་སྡེ་འགན་འཛིན་ཡ་རོ་སི་ལབ་ཀ་ལ་སྒྱི་ཝ་(Jaroslav Kladiva)དང་སློབ་གཉེར་བ་ཛྷེ་དྷེ་ཉེག་ཏོའུ་ཤ་(Zdeněk Touš)དང་མི་ཁ་ཡེལ་དྷི་མ་ཅེག་(Michael Dymáček)བཅས་ཀྱིས་བཀའ་སློབ་གནང་ཡོད་པ་དང་ཁོང་ཚོས་ཡཱན་པ་ལ་ཁའི་ལྷག་བསམ་གྱི་སེམས་ཤུགས་དང་ཁོང་གིས་རང་སྲོག་བློས་གཏོང་བྱས་པ་འདིས་ད་ལྟ་དང་འབྱུང་འགྱུར་གྱི་ནང་གལ་ཆེའི་རང་བཞིན་སྐོར་བཅས་གསུངས་ཡོད།

>>>

དེ་ཙམ་མ་ཟད་ཅེག་ཁ་ལོས་ཝ་ཀིའི་ཤེས་རིག་བློན་ཆེན་ཝི་ལི་བྷལ་དྷ་བྷེ་ཟི་དྷི་ཅེག(Vilibald Bezdíček)ལགས་ཀྱི་བཀའ་སློབ་ཞིག་བསྩལ་ཡོད་པ་དང་ཁོང་དང་ལྷན་དུ་རྩེད་མོའི་བློན་ཆེན་ཨི་མ་ནུ་ཨལ་བྷོ་སག་(Emanuel Bosák) ལགས་ཀྱང་ཕེབས་ཡོད་ཅིང། ཅེག་གཞུང་གི་འཐུས་མི་ཁོང་གཉིས་ལས་གཞན་སུ་ཡང་བཅར་མེད། འོན་ཀྱང་མི་དམངས་ཚོར་ཁོང་གཉིས་ལ་རྒྱུས་མངའ་གང་ཡང་མེད། གང་ཡིན་ཞེ་ན་ཁོང་གཉིས་ནི་སྤྱི་ལོ་༡༩༦༩ལོའི་ཟླ་བ་༡་ཚེས་༨ཉིན་གསར་འདེམས་བྱས་པའི་བློན་ཆེན་གསར་པ་རེད། མངའ་སྡེ་དང་ཚོགས་པ་གལ་ཆེན་ཁག་གི་མགྲིན་ཚབ་སུ་ཡང་དུར་འཇུག་མཛད་སྒོ་ལ་བཅར་མེད།

མཛད་སྒོ་གྲུབ་རྗེས་སྒམ་དེ་སྐྱེལ་འདྲེན་འཁོར་ལོ་ཞིག་གི་ནང་དུ་བཞག་པ་དང་དེ་ནས་ཙེ་ལེ་དྷེ་ནཱ་སྲང་ལམ་(Celetná Street)བརྒྱུད་དེ་གྲོང་སྡེ་རྙིང་པའི་བཞི་མདོར་དུ་འབྱོར་མཚམས་རིག་གནས་སྡེ་ཚན་ཡོད་སར་ཐད་ཀར་ཁ་བཀག བཞི་མདོར་དེའི་མིང་ལ་ཡཱན་པ་ལ་ཁ་བཞི་མདོར་ཞེས་སྤྱི་ལོ་༡༩༦༩ལོའི་ཟླ་བ་༡་ཚེས་༢༠ནས་བཟུང་མིང་བསྒྱུར་བྱས་ཟིན། ཡཱན་པ་ལ་ཁའི་ཆེས་མཐའ་མཇུག་གི་གཤིན་ཆོག་དེ་ཨོལ་ཤ་ནི་དུར་སར་(Olšany Cemetery)སྤེལ་ཡོད་པ་དང་དེས་ན་ཁོང་གི་ནང་མི་གཅིག་པུ་སྐུ་མགྲོན་དུ་བོས་ཡོད་ཅིང་གཞན་ཡང་གསར་འགོད་པ་རྣམས་བསླེབས་ཡོད། དུར་ས་ལ་གནམ་བདག་བཀའ་ཡི་ཕོ་ཉའི་ཆོས་དཔོན་Jakub S. Trojan མཆོག་གིས་ཆོས་བཤད་ཅིག་གནང་བའི་ནང་ཡཱན་པ་ལ་ཁས་རང་སྲོག་བློས་གཏོང་གི་གལ་ཆེའི་རང་བཞིན་སྐོར་གསུངས་ཡོད།

>>>