འདས་གྲོངས་སུ་གྱུར་པ།

“མི་རྣམས་ཀྱིས་ངེས་པར་དུ་ཐ་ཤལ་རིགས་ལ་ངོ་རྒོལ་བྱས་ཏེ་ཁོང་ཚོས་སྐབས་དེར་འདྲ་མཉམ་ཡིན་པ་ཚོར་དུ་འཇུག་དགོས།”

པ་ལ་ཁས། ཕྱི་ལོ་༡༩༦༩ཟླ་བ་༡ཚེས་༡༧ཉིན།

པ་ལ་ཁ་ཡིས་རང་ལུས་མེར་བསྲེགས་བཏང་ནས་ཆུ་ཚོད་ཁ་ཤས་ཙམ་ལས་མ་སོང་པར་སྨན་ཁང་གི་མཐའ་ན་གསར་འགོད་པས་སྐོར་ནས་ཁོང་གི་ནད་གཞིའི་གནས་སྟངས་སྐོར་ལ་ཤེས་ཐབས་བྱེད་བཞིན་གདའ། མེར་བསྲེགས་སྨན་བཅོས་ཚན་པའི་འགན་འཛིན་ཨམ་ཇི་ཡ་ན་དྷོ་ལེ་ཞ་ལོ་ཝ་(Jana Doležalová)ཡིས་པ་ལ་ཁའི་ཨ་མ་དང་གཅུང་པོ་ཡི་རི་གཉིས་ཡར་བཏང་ནས་སྨན་ཁང་སྒོ་རྒྱག་རྒྱུའི་སེམས་ཐག་བཅད། མ་ཟད་ཁོ་མོས་པ་ལ་ཁའི་རྗེས་འབྲངས་མི་སྣའི་སྐོར་གནས་ཚུལ་ཞིབ་ཕྲ་ཤེས་འདོད་བྱེད་མཁན་གྱི་ཅེག་ཉེན་རྟོག་ཞིབ་དཔྱོད་པ་རྣམས་ཀྱང་པ་ལ་ཁའི་ཉལ་ཁང་ལས་ཕྱིར་འབུད་བཏང་། འོན་ཀྱང་ཁོ་མོས་ཁོང་ཚོའི་ས་ནས་སྐད་བཅུག་འཁོར་ཐག་ཞིག་བླང་ནས་པ་ལ་ཁའི་ནུས་པ་ལ་གཞིག་ནས་བདེན་པའི་ཚིག་ཐོ་རྣམས་འཁོད་རྒྱུ་བྱས་(རྒྱུ་མཚན་གང་ཡིན་མ་ཤེས་མོད། འོན་ཀྱང་སྐད་བཅུག་འཁོར་ཐག་འདི་ནམ་ཡང་བཀོལ་སྤྱོད་བྱས་མེད་པར་འདྲ།)

སྨན་པ་ཚོས་བརྗོད་པ་ལྟར་ན་ཡཱན་པ་ལ་ཁ་ཡིས་རང་གི་རྗེས་འབྲང་གི་ཚོགས་པ་ཞིག་དངོས་སུ་ཡོད་ཚུལ་བཤད་འདུག འོན་ཀྱང་ཁོང་གིས་ཚོགས་མི་སུ་དང་སུ་ཡིན་མིན་སྐོར་བརྗོད་རྒྱུར་འཛེམས་ནས་བཤད་མི་འདུག སྤྱི་ལོ་༡༩༦༩ཟླ་བ་༡ཚེས་༡༧ཉིན་སེམས་ཁམས་སྨན་པ་ཛྷེ་དྷེན་ཀ་ཀུ་མུ་ནི་ཅི་ཀོ་ཝ་(Dr Zdenka Kmuníčková)ཡིས་པ་ལ་ཁར་བཅར་འདྲི་ཐུང་ངུ་བྱས་པ་ཞིག་སྒྲ་འཇུག་འཁོར་ཐག་གི་ནང་བཅུག་ཡོད། (འདི་ནི་ཅེག་ཉེན་རྟོག་པའི་སྒྲ་འཇུག་འཁོར་ཐག་དེ་མིན་པར་གཞན་པ་ཞིག་གཏན་གཏན་ཡིན་ངེས་རེད།) པ་ལ་ཁ་ཡིས་ཡི་གེའི་ནང་དུ་རང་གིས་ལས་འགུལ་འདི་སྤེལ་དགོས་པའི་དམིགས་ཡུལ་ནང་ལྟར་མི་དམངས་རྣམས་གོ་རྟོགས་སད་དགོས་པའི་དགོས་འདུན་ཡང་ཡང་བཏོན་ཡོད། ཉིན་དེར་ཡཱན་པ་ལ་ཁའི་ཨ་མ་དང་གཅུང་པོ་གཉིས་ཁོང་ལ་ཐུག་འཕྲད་དུ་བསླེབས་པ་དང། ཁོང་གཉིས་ཀྱིས་པ་ལ་ཁ་མཐོང་མ་ཐག་ཧང་སང་ཞིང་དྲན་མེད་དུ་བརྒྱལ་བ་དང་དེ་མུར་ཁོང་གཉིས་སེམས་གཅོང་སྨན་ཁང་ཞིག་གི་ནང་དུ་སྙལ་དགོས་བྱུང་།

>>>

ཡཱན་པ་ལ་ཁ་སྨན་ཁང་དུ་སྡོད་རིང་ཁོང་གི་ནད་གཞིའི་གནས་སྟངས་ཧ་ཅང་གི་ཛ་དྲག་ཡིན། ཁོང་ཉིད་སྨན་དཔྱད་ཁང་དུ་ལྷག་སྐབས་ཨམ་ཇི་མར་ཏཱ་ཛྷ་དྷོ་རོ་ཞ་ན་(Dr Marta Zádorožná)ཡིས་ནད་པའི་གནས་རིམ་གཉིས་པ་དང་གསུམ་པའི་མཚམས་སུ་བསླེབས་ཡོད་པ་དང་ཁོང་གི་ལུས་པོའི་བརྒྱ་ཆ་༨༥འཚིག་ཟིན་ཞིང་ཚེ་སྲོག་གི་ཉེན་ཁ་ལ་ཐུག་ཡོད་ཚུལ་གསུངས། འོན་ཀྱང་ཡཱན་པ་ལ་ཁ་ལ་ཟུག་བཅག་སྨན་སྟེར་བཞིན་ཡོད་པར་བརྟེན་ཁོང་གིས་ལས་འགུལ་ལ་མུ་མཐུད་ནས་གདོང་ལེན་བྱེད་རྒྱུའི་སེམས་ཤུག་ལྡན་འདུག །

སྤྱི་ལོ་༡༩༦༩ལོའི་ཟླ་བ་༡་ཚེས་༡༩་པའི་རེས་གཟའ་ཉི་མ་ལ་ཡཱན་པ་ལ་ཁ་ཡིས་རང་གི་གྲོགས་པོ་ཨེས་ཝ་བྷེ་ཌ་ན་རིས་ཀོ་བ་(Eva Bednárikova)ལ་སྐད་ཆ་ཤོད་འདོད་ཡོད་པར་བརྟེན་ཨམ་ཆི་རད་ཀོ་ཝེ་ར་བྷེ་ཙེ་(Dr Radko Vrabec) མོ་རང་སློབ་གྲྭའི་སྡོད་ཁང་ལས་སྐད་བཏང་སྟེ་མགྱོག་མྱུར་སྨན་ཁང་དུ་ཡོང་དགོས་ཚུལ་བརྗོད་འདུག ཁོ་མོས་བཤད་པ་ལྟར་ན་ཡཱན་པ་ལ་ཁ་ཡིས་མོ་རང་ལྷན་དུ་སློབ་ཕྲུག་གི་འགོ་གཙོ་ལུའུ་སྦོ་མིར་ཧོ་ལེ་ཅེག་ཡང་མཉམ་དུ་འཁྲིད་ཡོང་དགོས་པར་བརྗོད་འདུག ཁོ་མོ་སློབ་ཕྲུག་གི་འགོ་གཙོ་དང་ལྷན་དུ་སྨན་ཁང་དུ་འབྱོར་སྐབས་པ་ལ་ཁ་ཡིས་ཁོང་གཉིས་ལ་ཚོགས་ཆུང་གཞན་པའི་ཚོགས་མི་རྣམས་ཀྱིས་རང་ལུས་མེར་སྲེགས་མ་བྱེད་ལབ་རོགས་ཞེས་མངག་བྱ་བྱས་འདུག ཡང་སྙིང་འདི་ནི་པ་ལ་ཁ་ཡི་འདོད་པ་དངོས་གནས་ཡིན་མིན་གྱི་དྲི་རྟགས་ཆེན་པོ་ཞིག་རེད། ཁོང་གིས་བཏོན་གནང་བའི་ཉིན་ལྔའི་དུས་ཡུན་གྱི་ཚད་བཀག་རྫོགས་ལ་ཉེ་བ་དང་སྐྱི་གཡའ་བའི་དོན་རྐྱེན་འདི་ཉིད་བསྐྱར་ལོག་རྒྱག་རྒྱུའི་འཇིག་སྣང་གིས་རྐྱེན་པས་ཡཱན་པ་ལ་ཁའི་བསྒྲག་གཏམ་ལ་འགྲེལ་བཤད་གཞན་པ་རྒྱག་ཉེན་ཡོད། ཁོང་ཉིད་གནས་སྟངས་ཛ་དྲག་པོ་ཞིག་གི་ནང་དུ་ལྷུང་ཡོད་པའི་རྐྱེན་གྱིས་ཁོས་བསྒྲག་གཏམ་ཞིག་སྤེལ་ཐུབ་ཐབས་བྲལ། སྦེ་ཌ་ནཱ་རི་ཀོ་བ་(Bednáriková) དང་ཧོ་ལེ་ཅེག་(Holeček) གཉིས་པོ་ཁོང་གི་ཉལ་ཁང་ལས་ཁ་བྲལ་རྗེས་ཁོང་གི་ནད་གཞི་ཇེ་སྡུག་ཏུ་གྱུར།

སྤྱི་ལོ་༡༩༦༩ལོའི་ཟླ་བ་༡་ཚེས༡༩ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༣:༣༠ཐོག་ཡཱན་པ་ལ་ཁ་འཇིག་རྟེན་མི་ཡུལ་དང་གཏན་དུ་ཁ་གྱེས་ཟིན་པའི་ཁྱབ་བསྒྲགས་བྱས། ཉིན་དེའི་དགོང་མོ་ཁོང་གི་སྐུ་ཕུང་ཁྲིམས་ལུགས་སྨན་དཔྱད་ཁང་དུ་དབོར་འདྲེན་བྱས། དེ་གར་འཇིམ་བཟོ་བ་ཨོལ་བི་རམ་ཛུའུ་སྦེག་(Olbram Zoubek)གིས་བཀོད་ཇུས་འོག་ཡཱན་པ་ལ་ཁ་ཡི་གདོང་རིས་ལས་འཆི་འབག་(death mask)ཞིག་བཟོས། མ་ཟད་དེ་གར་རོ་ལ་བརྟག་སྟེ་འཆི་རྐྱེན་གང་ཡིན་མིན་བརྟག་དཔྱད་བྱེད་པའི་སྐབས་སུ་གློ་བུར་ཐོ་རྒྱག་གི་འཆི་རྐྱེན་འདི་ནི་“མེས་འཚིག་པའི་སྟབས་ཀྱིས་ཉེན་ཚབས་ཅན་གྱི་གློ་བའི་གཉན་ཚད་”འཕེལ་བར་ཡིན་འདུག།།

>>>