དུར་ཁྲོད་ལ་བརྟག་པ།

“ཡཱན་པ་ལ་ཁའི་དུར་ས་ཡོད་སའི་ཨོལ་ཤ་ནི་དུར་ཁྲོད་ཀྱི་ཉེ་འགྲམ་ལོ་འཁོར་དུས་དྲན་དང་ལྷིང་འཇགས་བྲལ་བའི་གནས་སྟངས་ཡང་ཡང་ཡོང་བཞིན་པར་འདིར་ངའི་ངོས་ནས་ཉེན་བརྡ་གཏོང་རྒྱུ་ཡིན། དུར་ས་འདི་ནི་སྤྱི་ཚོགས་རིང་ལུགས་ལ་རྒྱབ་གཏད་པ་དང། མི་གཏུམ་དྲག་ཅན། དེ་བཞིན་ཡུལ་སྐོར་སྤྲོ་འཆམ་པའི་ཐོངས་མཆན་བརྒྱུད་ནས་ཡོང་མཁན་གྱི་ཕྱི་རྒྱལ་བ་དཀྲོག་རྐྱེན་སློང་མཁན་རྣམས་ཀྱི་འཛོམས་ས་ཆགས་འདུག རྒྱུ་རྐྱེན་དེ་ལ་བརྟེན་ནས་འདི་ལོའི་རྒྱལ་སྤྱིའི་མཐུན་འགྱུར་མཉམ་འབྲེལ་རྒྱལ་ཁབ་ཀྱི་ལོ་ངོ་ལྔ་འཁོར་བའི་ལོ་འཁོར་དུས་དྲན་དེ་ཁ་གཏད་གྱེན་ལངས་པ་དང་རྒྱབ་འགལ་དུ་གྱུར་ཡོད། ད་ལྟའི་སྲིད་དབང་ལམ་ལུགས་ལ་ངོ་རྒོལ་ཆེད་རྔམ་སྟོན་ཁྲོམ་སྐོར་མང་པོ་ཞིག་དེ་གར་འཚོགས་ཡོད། ང་ཚོར་ཉིན་ལྟར་རེ་བཞིན་རང་རྒྱལ་གྱི་མི་སེར་དང་ཕྱི་རྒྱལ་བ་ཁྲིམས་འགལ་གྱིས་དཀའ་ངལ་འཕྲད་བཞིན་འདུག”

སྤྱི་ཁྱབ་ཞལ་ངོ་ཀ་རིལ་ ཀུ་པིས (Maj. Karel Kupec) ཀྱིས་ཡཱན་པ་ལ་ཁའི་དུར་ཁྲོད་ཕྱིར་འདོན་བྱ་རྒྱུའི་སྐོར་གྱི་གྲོས་ཆོད་ལས། སྤྱི་ལོ་༡༩༧༣ལོའི་ཟླ་བ་༩པའི་ཚེས་༦ཉིན།

ཡཱན་པ་ལ་ཁ་འདས་གྲོངས་སུ་གྱུར་ནས་ཟླ་བ་ཁ་ཤས་ཕྱིན་རྗེས་མི་ཚོས་ཁོང་ཉིད་བརྗེད་འགྲོ་ཡི་ཡོད། སྤྱི་ལོ་༡༩༦༩ལོའི་ཟླ་བ་༡་ཚེས་༡༩ལ་ལི་བྷུ་ཤེ་ པ་ལ་ཁོ་བ་(Libuše Palachová)ལ་ ལུཌ་བིཀ་ སུབོ་བྷོ་ཌ་(Ludvík Svoboda)དང་། ཨེ་ལེཀ་ཛེན་ཌར་དུབ་ཅེཀ་(Alexandr Dubček)། ཡོ་སེབ་སི་མིར་ཀོ་སི་ཀི (Josef Smrkovský) ། ཨོལ་ཌ་རི་ཁ་ ཅར་ནེག(Oldřich Černík)བཅས་ཀྱིས་སེམས་གསོའི་ཏར་འཕྲིན་འབྱོར་ཡོད་ཀྱང་ལོ་གཅིག་གི་རྗེས་སུ་ཅེག་སི་ལོ་ཝ་ཀི་ཡའི་ནང་གྲགས་ཆེ་བའི་མི་རྣམས་ཀྱིས་རིམ་བཞིན་དྲན་པ་བརྗེད་སོང། ཁོང་གི་དྲན་རྟེན་ཞིག་བཞེངས་ཐབས་ཐེངས་མང་བྱས་ཀྱང་སུས་ཀྱང་ལག་བསྟར་བྱུང་མེད། ལས་འཆར་འདི་དག་གི་འགོ་འཛུགས་མཁན་རྣམས་ནི་གསང་བའི་ཉེན་རྟོག་པ་ཚོའི་ཁ་ལ་ཉན་མཁན་རྐྱང་རྐྱང་རེད།

ཞིབ་དཔྱད་སྐབས་སུ་བཅའ་ཡིག་གི་མིང་བྱང་ལ་“དུར་ཁྲོད།”ཅེས་བེད་སྤྱོད་བྱས་ཏེ་StBཀྱིས་ཨོལ་ཤ་ནི་དུར་ཁྲོད་ནས་ཡཱན་པ་ལ་ཁའི་ཕུང་པོ་ཕྱིར་བཏོན་ཡོད་པ་རེད། དེའི་རྒྱུ་མཚན་ནི་མི་མང་པོས་དེ་རུ་མེ་ཏོག་འཁྱེར་ཡོང་བ་དང་ཡང་ལཱ་སྤར་བ་དང་འཕྲིན་ཐུང་འཇོག་པ་སོགས་བྱེད་ཀྱི་ཡོད་པས་སོ། མ་ཟད་འཇིམ་བཟོ་བ་ཨོལ་བི་རམ་ཛུའུ་སྦེག་(Olbram Zoubek)གིས་བཟོས་གནང་བའི་ཡཱན་པ་ལ་ཁའི་ཟངས་ཀྱི་དུར་བྱང་དེ་ཕྱིར་བཏོན་ཚར་རྗེས་སུའང་མི་རྣམས་ཁོང་གི་དུར་ས་རུ་འཛོམས་བཞིན་ཡོད། དེ་ནི་སྤྱི་ལོ་༡༩༧༠ལོའི་ཟླ་བ་༧པའི་ནང་ཕྱིར་བཏོན་ཡོད་ཅིང་ཟླ་བ་ཁ་ཤས་རྗེས་ཞུགས་ལ་ཕུལ་ནས་མེད་པ་བཟོས་ཡོད། དུར་ས་དེར་ཕྱི་རྒྱལ་བ་དང་ཕྱི་འབྲེལ་སྐུ་ཚབ་ཚོས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད།

>>>

སྤྱི་ལོ་༡༩༧༣ལོའི་ཟླ་༡༠པའི་ནང་StBཀྱིས་གནོན་ཤུགས་ཚད་མེད་འོག་ལི་བྷུ་ཤེ་པ་ལ་ཆོ་བ་དང་ཡི་རི་གཉིས་ཀྱིས་མཐར་རང་གི་བུའི་དུར་ས་བསྔོགས་འདོན་དང་ཕུང་པོ་ཞུགས་འབུལ་བྱེད་རྒྱུར་ཁས་ལེན་བྱ་དགོས་ཐུག ། StBཀྱི་སྟངས་འཛིན་འོག་སྤྱི་ལོ་༡༩༧༣ལོའི་ཟླ་༡༠པའི་ཚེས་༢༢ཀྱི་ཞོགས་པར་དུར་ས་བསྔོག་འདོན་བྱས་ཤིང་སི་ཏྲར་ནིས་(Strašnice)པུར་བཞུ་ཁང་དུ་ཕུང་པོ་མེར་བསྲེགས་བཏང། ཡཱན་པ་ལ་ཁའི་དུར་ཁྲོད་དང་པོ་ཡོད་སར་དུར་བྱང་གསར་པ་ཞིག་བསླེབས་ཡོད་པ་དེའི་དུར་བྱང་ལ་མེ་རིས་ ཇི་ཌི་ལི་ཀོ་བ (Marie Jedličková)ཟེར། ལི་བྷུ་ཤེ་པ་ལ་ཆོ་བ་ལ་རང་གི་བུའི་དུར་ཐལ་གྱིས་བཀང་བའི་རྫ་བུམ་དེ་ཕྱིར་སྤྲད་ཡོད་ཀྱང། སྤྱི་ལོ་༡༩༧༤ལོའི་ཟླ་བ་༣པའི་ཟླ་མཇུག་ལ་མ་གཏོགས་ཝེས་ཏྲེའ་ཏྲིལ་དུར་ཁྲོད་དུ་སྦེད་དུ་བཅུག་མེད།

དམར་ཤོག་གི་སྲིད་དབང་ཉམས་དམས་སུ་གྱུར་པ་དང་སྟབས་བསྟུན་ནས་ཨོལ་ཤ་ནི་དུར་སར་ཡོད་པའི་ཡཱན་པ་ལ་ཁའི་དུར་ས་སླར་གསོ་བྱས་ཐུབ་ངེས་རེད། ཁོང་གི་དུར་ཐལ་གྱི་བུམ་པ་དེ་ཝི་ཤེ་ཏ་ཏི་ནས་པ་རཱག་ལ་འཁྱེར་རྒྱུའི་མཛད་སྒོ་དེ་སྤྱི་ལོ་༡༩༩༠ལོའི་ཟླ་བ་༡༠པའི་ཚེས་༢༥ཉིན་སྤེལ་ཡོད་པ་རེད།

>>>