སེ་ལོ་ཝ་ཀི་ཡི་རྒྱབ་སྐྱོར།

“སྦར་ཏི་སི་ལ་བ་ནང་ཡོད་ཀོ་མིན་ནིའུ་སི་གཙུག་ལག་སློབ་ཁང་མདུན་དུ་རྗེས་དྲན་མཛད་སྒོ་དེ་ནི་སྤྱི་ལོ་༡༩༦༩ལོའི་ཟླ་བ་༡་ཚེས་༢༢དང་༢༣ལ་མུ་མཐུད་ནས་ཚོགས་པ་རེད། སློབ་ཕྲུག་རྣམས་ཀྱིས་སྒོར་སྲུང་ལྟར་བུའི་གུས་བརྩི་ཞུ་བཞིན་མཆིས། གཙུག་ལག་སློབ་ཁང་གི་གྱང་སྟེང་དུ་སྦྱར་ཡིག་སྣ་ཚོགས་སྦྱར་ཡོད་པ་དང་དེའི་ནང་ཉེ་ཆར་གྱི་ཆབ་སྲིད་ཀྱི་ངོ་བོ་དང་ཉིན་རེའི་འཚོ་བའི་གནས་ལུགས་དང་ཁ་ཐག་རིང་དུ་གྱེས་པའི་སྲིད་བྱུས་བཅས་ལ་དོགས་ཡོད་ཀྱི་མཆན་བུས་ཁེངས་ཡོད། ཁོང་ཚོའི་རེ་སྐུལ་ནི་གནས་ཚུལ་རང་དབང་ངང་སྤེལ་ཆོག་པ་དང། གྲོས་ཚོགས་གསར་པའི་འོས་འདེམས། ཅེག་སི་ལོ་ཝ་ཀི་ཡའི་དམར་ཤོག་ཚོགས་པའི་སྐབས་༡༤པའི་ཚོགས་འདུ་ནམ་འཚོགས་ཀྱི་སྐོར་གསལ་བསྒྲགས་དགོས་པའི་སྐོར་བཅས་རེད།”

སྤྱི་ལོ་༡༩༦༩ལོའི་ཟླ་བ་༡་ཚེས་༢༥ལ་ཅེག་སི་ལོ་ཝ་ཀི་ཡའི་ནང་སྲིད་ལས་ཁུངས་ཀྱིས་ཡཱན་པ་ལ་ཁའི་རང་སྲོག་བློས་གཏོང་ཐད་ལ་སྤེལ་བའི་གནས་ཚུལ་ལས་བཏོན།

>>>

སེ་ལོ་ཝ་ཀི་ནང་གི་ཡཱན་པ་ལ་ཁའི་རང་ལུས་མེར་བསྲེགས་ལ་རྒྱབ་སྐྱོར་ཤུགས་ཆེ་ཤོས་བྱེད་མཁན་ནི་ས་གནས་དེ་གའི་སློབ་གཉེར་བ་རྣམས་ཡིན་པ་རེད། ཁོང་ཚོ་སྦར་ཏི་སི་ལ་བ་(Bratislava)ཡི་ནང་གི་ཀོ་མིན་ནིའུ་སི་གཙུག་ལག་སློབ་ཁང་(Comenius University)གི་ལྟེ་བའི་ཁང་ཆེན་ཡོད་སར་འཛོམས་ནས་ཉིན་ཤས་རིང་ཡཱན་པ་ལ་ཁ་ལ་གུས་བརྩི་རྗེས་དྲན་ཞུས་ཡོད་ཅིང། ཁོང་གི་མངོན་འདོད་རྣམས་ལེགས་འགྲུབ་ཡོང་ཕྱིར་ཁོང་ཚོས་ས་ཡིག་བསྡུ་རུབ་བྱས་ཡོད་པ་མ་ཟད་ལ་ལས་ཟས་བཅད་ངོ་རྒོལ་ཡང་བྱས་ཡོད། སྦར་ཏི་སི་ལ་བ་ཡི་ནང་གི་ཛ་དྲག་གི་གནས་སྟངས་ཀྱི་སྐོར་དབུ་འཛིན་རྡུའུ་སེན་ཀྲིར་སེག་གིས་དངོས་བྱུང་གློག་བརྙན་་ཀྲར་ཛ་ཎ་(Tryzna)ཞེས་པའི་ནང་དུ་བར་བཅུག་བྱས་ཡོད། སེ་ལོ་ཝ་ཀི་(Slovak)ནང་ཡོད་པའི་མཐོ་སློབ་ཁང་གཞན་པའི་སློབ་མ་རྣམས་ཀྱིས་ཀྱང་དེ་ལྟར་འདྲ་མཚུངས་ཀྱི་ལས་འགུལ་སྤེལ་ཡོད།

དེ་ལྟར་ནའང་སེ་ལོ་ཝ་ཀི་ཡའི་དམར་ཤོག་ཚོགས་པའི་འཐུས་མི་རྣམས་ཀྱིས་ཡཱན་པ་ལ་ཁའི་དོན་རྐྱེན་ལ་ཀུན་སློང་ངན་པ་ཞིག་བཅངས་ཡོད་པ་དང། ས་གནས་གཞུང་གིས་ཀྱང་དེ་ལྟར་གཅིག་མཚུངས་ཡིན་མོད། སྤྱི་ལོ་༡༩༦༩ལོའི་ཟླ་བ་༡་ཚེས་༢༠ལ་གཞུང་འབྲེལ་གྱི་བསྒྲགས་གཏམ་ནང་དུ་དོ་ནན་པོ་དེ་ཙམ་རང་མེད་སྲིད་ཀྱང་དེའི་དོན་དག་གསལ་པོ་ཡིན་པར་ཤེས་གསལ་རེད། དེའི་ནང་ “ལས་འགུལ་འདི་ལ་རྒྱབ་སྐྱོར་བྱེད་མཁན་ནི་ཆེས་ཐལ་ཆ་ཆེ་བའི་ཆབ་སྲིད་ཀྱི་ནུས་སྟོབས་ཀྱིས་བཀོལ་སྤྱོད་བྱེད་སའི་སེམས་ཚོར་སྐྱེན་པའི་ན་གཞོན་དག་རེད།”ཅེས་བརྗོད་ཡོད།

གཞུང་དང་ཆབ་སྲིད་ཚོགས་པའི་འཐུས་མི་གཉིས་ཀའི་རྗེས་དྲན་གྱི་མཛད་སྒོ་དེ་མཐོ་སློབ་ཁང་གི་ཐང་སྟེང་དུ་འཚོགས་ཐབས་བྱས་ཡོད། ཁོང་ཚོས་མི་དམངས་ཀྱི་ཁྲོམ་སྐོར་དང་མངོན་གསལ་དོད་པོ་བྱེད་པ་དང་འདུ་ཚོགས་སྤེལ་བ་བཅས་ལ་ཆོག་མཆན་སྤྲད་ཁག་པོ་བྱེད་ཀྱི་ཡོད།

ལི་བྷུ་ཤེ་ པ་ལ་ཁོ་བ་ལ་(Libuše Palachová)ལ་སེ་ལོ་ཝ་ཀ་ཡི་ནས་ཚོགས་པ་དང་སྒེར་པ་མང་པོའི་ས་ནས་སེམས་གསོའི་བརྡ་འཕྲིན་མང་པོ་འབྱོར་ཡོད། མ་ཟད་ཁོ་མོ་ལ་བུའི་དྲན་རྟེན་གྱི་ཆེད་དུ་ཞལ་འདེབས་ཀྱང་འབྱོར་ཡོད། ཡཱན་པ་ལ་ཁའི་དུར་འཇུག་གི་ཉིན་མོ་ལ་སེ་ལོ་ཝ་ཀ་ཡི་ལྟད་མོ་འཁྲབ་སྟོན་པ་རྣམས་ཀྱིས་ཟློས་གར་གྱི་འཁྲབ་སྟོན་ཕྱིར་འཐེན་པའམ་མེད་པ་བཟོས་ཡོད། དུར་འཇུག་གི་ཉིན་མོ་དེར་སེ་ལོ་ཝ་ཀ་ཡི་མི་མང་པོ་འཛོམས་ཡོད། དཔེར་ན་ཛའུ་ལེན་(Zvolen,སེ་ལོ་ཝ་ཀའི་དབུས་ན་ཡོད་པའི་གྲོང་རྡལ་ཞིག)ནས་སློབ་གཉེར་བ་རྣམས་ཀྱིས་དམིག་བསལ་སྤྱི་སྤྱོད་རླངས་འཁོར་ཞིག་མངགས་ནས་བསླེབས་ཡོད། མང་ཚོགས་ཀྱི་བྱེད་སྒོ་ལ་བཀག་བསྡོམ་ཇི་ལྟར་བྱས་ཀྱང་སྤྱི་ལོ་༡༩༦༩ལོའི་ཟླ་བ་༡་ཚེས་༢༥་ལ་མི་དམངས་བཞི་སྟོང་ལྷག་ཙམ་ཞིག་སྦར་ཏི་སི་ལ་བ་རུ་དུར་འཇུག་མཛད་སྒོ་ལ་བཅར་ཡོད་པ་རེད།

སེ་ལོ་ཝ་ཀི་ཡི་བདེ་སྲུང་ལས་ཁུངས་ཀྱིས་ཡཱན་པ་ལ་ཁའི་འཆི་རྐྱེན་ལ་བརྩད་ཞིབ་བྱས་ཡོད། དངོས་པོ་ལས་གཞན་པ་དེ་མིན་ཡཱན་པ་ལ་ཁ་ཡིས་རེ་འདོད་ལྟར་ཁོང་ཉིད་སྨན་ཁང་དུ་ཐུག་འཕྲད་དུ་བསྐྱོད་མཁན་སློབ་གཉེར་བ་ཨེས་ཝ་བྷེ་ཌ་ན་རིས་ཀོ་བ་(Eva Bednáriková)ལ་ཁོང་ཚོས་འདས་པའི་གནད་དོན་སྐོར་འདྲི་བརྩད་བྱས། སྤྱི་ལོ་༡༩༦༩ལོའི་ཟླ་བ་༡་ཟླ་ཕྱེད་ཙམ་ལ་སེ་ལོ་ཝ་ཀི་ཡི་ནང་མི་གསུམ་གྱིས་རང་ལུས་མེར་བསྲེགས་བྱེད་རྩིས་བྱས་པའི་སྐོར་གྱི་ཡིག་ཆ་ཞིག་ས་གནས་ཡིག་མཛོད་ཁང་དུ་གཅེས་ཉར་བྱས་ཡོད། འོན་ཀྱང་མི་གསུམ་པོ་དེ་རྣམས་ནི་སེམས་པ་ཐང་ཐང་མེད་མཁན་དང་དེའི་ནང་ནས་གཅིག་ནི་ནག་ཉེས་ཅན་ཞིག་ཡིན་པ་རེད། མ་ཁལ་ལིའུ་སིག་(Michal Leučík)གི་གནད་དོན་སྐོར་ཆེས་ཉུང་ཉུང་ཞིག་ལས་ཤེས་རྟོགས་ཐུབ་ཀྱི་མེད། ཁོང་གིས་སྤྱི་ལོ་༡༩༦༩ལོའི་ཟླ་བ་༤པའི་ཚེས་༡༡ཉིན་རང་ལུས་མེར་བསྲེགས་བཏང་ཡོད།

>>>