སྤྱི་ལོ་༡༩༨༩ལོའི་ཟླ་བ་༡༡པའི་རྗེས་ཀྱི་གནས་བབ།

“མིག་སྔར་མངོན་མི་ཐུབ་པའམ་མཐོང་མི་ཐུབ་པའི་དྲན་གསོའི་རྡོ་རིང་བཞེངས་ཐུབ་པ་ཡིན། ཁྱེད་ཉིད་ཀྱིས་བྱེད་དགོས་པ་གཅིག་རང་ཡོད་པ་དེ་ནི་འདས་པོ་གང་གི་མིང་བྱང་རྡོ་ལེབ་ཞིག་གི་ཐོག་ཏུ་བརྐོས་རྗེས་ས་རུ་བཙུགས་དགོས། འདི་ལྟ་བུའི་དྲན་གསོའི་རྡོ་རིང་མཐོང་མི་འདོད་མཁན་ཚོས་མཐོང་དགོས་དོན་ཡོད་མ་རེད། ངས་བསམ་པར་ཅེག་སྤྱི་མཐུན་རྒྱལ་ཁབ་ནང་དུ་ཁ་གཏད་རྡོ་རིང་གཅིག་རང་ཡོད་པར་འདོད། དེ་ནི་སྦར་བྷོ་ར་ ཝེ་སིས་ལ་ཡིས་བཟོ་བསྐྲུན་བྱས་པའི་ཡཱན་པ་ལ་ཁའི་རྗེས་དྲན་རྡོ་རིང་སྟེ། དེ་ནི་རྒྱལ་ཡོངས་འགྲེམ་སྟོན་ཁང་གི་ཐད་ཀར་ཡོད་པའི་ཝན་སི་ལ་སི་ཡི་བཞི་མདོར་དུ་ཡོད་པ་དེ་ཉིད་ལགས།”

-ཝ་ཙ་ལ་ཝ་ཙི་ལེག་(Václav Cílek)

སྤྱི་ལོ་༡༩༨༩ལོའི་ཟླ་བ་༡༡པའི་རྗེས་ལ་མང་ཚོགས་ནང་ཐོག་དང་པོ་ཡཱན་པ་ལ་ཁ་རྗེས་དྲན་རང་དབང་ངང་བྱས་ཆོག་པར་གྱུར། སྤྱི་ལོ་༡༩༨༩ལོའི་ཟླ་བ་༡༢ཚེས་༢༠ལ་པ་རཱག་ནང་གི་ཆ་ལི་སི་གཙུག་ལག་སློབ་ཁང་གི་རིག་གནས་ཚན་པའི་ཁང་ཆེན་ལྟེ་བའི་མདུན་གྱི་བཞི་མདོར་དེ་ཁོང་གི་མིང་ཟུར་ནས་བསྐྱར་དུ་བཏགས་ཡོད་(དེ་ནི་ཡཱན་པ་ལ་ཁ་ལ་གུས་བཀུར་རྗེས་དྲན་ཆེད་དུ་སྤྱི་ལོ་༡༩༦༩ལོའི་ཟླ་བ་༡པོ་ཙམ་ནས་ཁོང་གི་མིང་བསྐྱར་དུ་ཡང་ཡང་འབོད་བཞིན་ཡོད།) འཇིམ་བཟོ་བ་ཨོལ་བི་རམ་ཛུའུ་སྦེག་གིས་བཟོས་གནང་བའི་རྗེས་དྲན་བྱང་བུ་ཞིག་ཡཱན་པ་ལ་ཁའི་རྗེས་དྲན་འདྲ་འབག་དེའི་ཚབ་ལ་རིག་གནས་སྡེ་ཚན་གྱི་ཁང་ཆེན་ཐོག་བཞག་ཡོད། ཕྱིར་རང་ཁྱིམ་དུ་ལོག་པའི་མཚོན་བྱེད་ཉིན་མོ་དེ་ནི་སྤྱི་ལོ་༡༩༩༠ལོའི་ཟླ་བ་༡༠པའི་ཚེས་༢༥ལ་ཡིན་པ་རེད། ཉིན་དེར་ཡཱན་པ་ལ་ཁའི་དུར་ཐལ་གྱི་བུམ་པ་དེ་ཝི་ཤེ་ཏ་ཏི་ནས་པ་རཱག་ན་ཡོད་པའི་ཨོལ་ཤ་ནི་དུར་ཁྲོད་དུ་ཕྱིར་འདྲེན་གྱི་མཛད་སྒོའི་ཉིན་མོ་འཁེལ་ཡོད། ལོ་དེར་ཡི་རི་ལི་ཌིར་རི་(Jiri Lederer)ཡིས་བརྩམས་གནང་བའི་ཡཱན་པ་ལ་ཁའི་ལས་འགུལ་སྐོར་གྱི་དེབ་དེ་དཔར་བསྐྲུན་བྱས་ཡོད་པ་རེད།

སྤྱི་ལོ་༡༩༩༡ལོའི་ཟླ་བ་༡༠ཚེས་༢༨་ཉིན་ཚོགས་གཙོ་ཝཱེ་ཁེ་ ཧཱེ་ཝལ་(Vaclav Havel)གྱིས་ཡཱན་པ་ལ་ཁ་དང་ཡཱན་ཛན་ཇིག་གཉིས་ལ་ཐོ་མ་སི་གྷ་རིག་མ་ས་རིགབཀའ་མཆིད་གནས་རིམ་དང་པོ་(Order of Tomas Garrigue Masaryk, 1st rank)དེ་ལསྩལ་གནང་ཡོད་། རྒྱུ་མཚན་ནི་ཁོང་གཉིས་ཀྱིས་དམངས་གཙོ་འཕེལ་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་ལ་ཕུལ་དུ་བྱུང་བའི་ལེགས་སྐྱེས་ཕུལ་ཡོད་པས་སོ། སྤྱི་ལོ་༢༠༠༠ལོར་པ་རཱག་ནང་གི་རྒྱལ་ཡོངས་འགྲེམ་སྟོན་ཁང་མདུན་དུ་ཡཱན་པ་ལ་ཁ་དང་ཡཱན་ཛན་ཇིག་གཉིས་ཀྱི་དྲན་རྟེན་རྡོ་རིང་ཁྱད་དུ་འཕགས་པ་ཞིག་བཞེངས་ཡོད་པ་རེད།

>>>

པ་རཱག་ནང་རིག་གནས་ཚན་པའི་ནང་སློབ་གཉེར་བའི་ངོ་རྒོལ་ཚོགས་ཆུང་(Student Strike Committee)ཞེས་པ་ཞིག་གསར་བརྗེ་ཡོ་ལངས་ཀྱི་སྐབས་སུ་གསར་འཛུགས་བྱས་ཡོད་པ་དང་ཕྱིས་སུ་སློབ་གཉེར་བའི་ཐེབས་རྩ་(Faculty Student Fund)ཞེས་པ་དབུ་བརྙེས་ཡོད་ཅིང་དེའི་ལས་འགན་ནི་སློབ་གཉེར་བ་དང་འཛིན་སྐྱོང་ཚན་པ་དབར་འབྲེལ་མཐུད་བྱེད་རྒྱུ་དེ་ཆགས་ཡོད།

སློབ་ཕྲུག་ཚོགས་པ་ནི་འཛིན་སྐྱོང་གི་མ་ལག་ལྟ་བུ་ཆགས་ཡོད་ཅིང་སྤྱི་ལོ་༡༩༩༠ཙམ་ནས་བཟུང་ཡཱན་པ་ལ་ཁའི་རང་ལུས་མེར་བསྲེགས་ཀྱི་ལོ་འཁོར་དུས་དྲན་སྲུང་བརྩི་ཞུ་མུས་རེད། སྐབས་དེ་དུས་རྗེས་དྲན་མཛད་སྒོ་འཚོགས་པ་དང་། དངོས་བྱུང་གློག་བརྙན་སྟོན་པ། བགྲོ་གླེང་སོགས་གོ་བསྒྲིགས་ཞུ་བཞིན་མཆིས།

སྤྱི་ལོ་༢༠༠༩ལོར་སློབ་ཕྲུག་ཚོགས་པས་ཡཱན་པ་ལ་ཁས་ལས་འགུལ་སྤེལ་ནས་ལོ་ངོ་༤༠འཁོར་བའི་རྗེས་དྲན་མཛད་སྒོར་མཉམ་ཞུགས་བྱས་ཡོད། ཉིན་དེར་རྗེས་དྲན་མཛད་སྒོ་དང། རོལ་དབྱངས་འཁྲབ་སྟོན། ཆོས་སྤྱོད། འགྲེམ་སྟོན། བགྲོ་གླེང་བཅས་འཚོགས་ཡོད། དུས་ཚིགས་ཁྱད་པར་ཅན་དེར་《ཡཱན་པ་ལ་ཁ་༦༩》ཞེས་པའི་དེབ་རྒྱས་པ་ཞིག་དཔར་བསྐྲུན་བྱས་ཡོད། ལོ་དེར་ཡཱན་པ་ལ་ཁའི་དྲན་རྟེན་རྡོ་རིང་ཞིག་ཁོང་ཉིད་བརྡ་སྤྲོད་སློབ་སྦྱོང་བྱེད་སའི་སློབ་གྲྭའི་མདུན་གྱི་མེལ་ནིག་(Mělník)ཏུ་བཞེངས་བསྐྲུན་བྱས།

སྤྱི་ལོ་༡༩༩༠ལོའི་སྟོད་ནས་བཟུང་ལོ་ལྟར་ཡཱན་པ་ལ་ཁའི་ཚོགས་པས་(Society of Jan Palach)ལྟ་སྐྱོང་འོག་ཝི་ཤེ་ཏ་ཏི་ལ་རྗེས་དྲན་མཛད་སྒོ་རེ་འཚོགས་བཞིན་ཡོད། མ་ཟད་པ་རཱག་ནང་ཡོད་པའི་ཨོལ་ཤ་ནི་དུས་ཁྲོད་དུ་སྒེར་གྱི་རྗེས་དྲན་མཛད་སྒོ་ཡང་ཡང་འཚོགས་བཞིན་མཆིས།

>>>