ངོ་རྒོལ།

“ངས་མི་ཞིག་མེས་འཚིག་བཞིན་པར་མཐོང་སྐབས་མེ་རླབས་ཧ་ཅང་གི་ཆེ་བའི་རྐྱེན་གྱིས་ངས་ཁོང་གི་ཕྱི་ཚུལ་གྱི་རྣམ་འགྱུར་ཙམ་མཐོང་བ་ལས་གཞན་གང་ཡང་བྱེད་ཐབས་བྲལ། མེས་འཚིག་བཞིན་པའི་ན་གཞོན་དེ་ནི་རྒྱལ་ཡོངས་འགྲེམས་སྟོན་ཁང་གི་འོག་ན་ཡོད་པའི་གྱང་ཟུར་ནས་ཐོན་ཏེ་ངའི་མོ་ཊའི་ཉེ་འགྲམ་གྱི་རྡོ་གཅལ་གྱི་ར་སྐྱོར་ལས་མཆོང་ཏེ་རྒྱུག་བསླེབས། དེ་ནས་ངའི་མོ་ཊའི་མདུན་གྱི་གཡོན་ཕྱོགས་སུ་ཡོད་པའི་MB1000རྟགས་ཅན་གྱི་མོ་ཊ་ཞིག་འདུག་པ་དེའི་ཐད་དུ་མཆོང་རྒྱུག་བྱེད་བཞིན་མཐར་ཝན་སི་ལ་སི་བཞི་མདོར་ (Wenceslas Square)ནས་འགྲེམས་སྟོན་ཁང་ཕྱོགས་སུ་བསྐྱོད་མཁན་གྱི་གློག་འཁོར་(Tram)ཞིག་གི་རྒྱབ་ནས་ཡལ་ཕྱིན་སོང་།”

པ་ལ་ཁ་ཡིས་ངོ་རྒོལ་བྱེད་བཞིན་པ་མཐོང་མཁན་ཡོ་སེབ་ཀི་རི་ཞ་(Josef Kříž)ཡི་བདེན་དཔང་ཚིག་ཐོ། ཕྱི་ལོ་༡༩༦༩ལོའི་ཟླ་བ་༡༧ཉིན།

ཡཱན་པ་ལ་ཁའི་ངོ་རྒོལ་འདི་དངོས་སུ་མཐོང་མཁན་གྱི་དཔང་པོ་མང་པོ་ཡོད་པ་མ་ཟད་ཁོང་ཚོའི་ཚིག་ཐོ་རྣམས་ཛཱ་སི་ལོ་ཝ་ཀི་ཡའི་ཉེན་རྟོག་པའི་ཞིབ་དཔྱོད་ཡིག་ཆའི་ཁྲོད་དུ་ཐོ་འགོད་བྱས་ཡོད། བདེན་དཔང་ཚིག་ཐོ་འདི་དག་གི་བཀའ་དྲིན་ལ་བརྟེན་ནས་ད་གཟོད་ངོ་རྒོལ་གྱི་དོན་རྐྱེན་རྣལ་མ་ཞིག་བསྐྱར་དུ་བསྐྲུན་ཐུབ་ངེས། ཕྱི་ལོ་༡༩༦༩ལོའི་ཟླ་བ་༡་སྐབས་ཀྱི་ས་ཆ་དེའི་ཁོ་ར་ཁོར་ཡུག་རྣམས་ད་ལྟ་དང་རྩ་བ་ནས་མི་འདྲ། རྒྱལ་ཡོངས་འགྲེམ་སྟོན་ཁང་ཆེན་ནི་ཝན་སི་ལ་སི་བཞི་མདོར་(Wenceslas Square)དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་དེ་ནི་ལམ་ཆེན་གྱིས་ཀྱང་ཁ་བྲལ་དུ་བཏང་མེད། གློག་འཁོར་ལྕགས་ལམ་མང་པོ་ཞིག་བཞི་མདོར་བརྒྱུད་ནས་འཐེན་ཡོད་པ་དང་གློག་འཁོར་འབབ་ཚུགས་གཅིག་ནི་ཆོས་དཔོན་ཝན་སི་ལ་སི་ཡི་སྐུ་འདྲའི་འགྲམ་དུ་ཆགས་ཡོད།

ཡཱན་པ་ལ་ཁ་ཡིས་རང་གི་སྟོད་གོས་འཐོར་ཆུའི་ར་བ་ཡོད་སར་ཕུད་ནས་ཤེལ་དམ་གྱི་ཁ་བྱང་ལ་”སྦིར་སྨན་གཤེར་ཁུ”ཞེས་བྲིས་ཡོད་པ་ཞིག་རང་གི་ཁུག་མ་ལས་ཕྱིར་བཏོན་ནས་དེ་གྲི་ཞིག་གིས་ཁ་ཕྱེས་རྗེས་དྲི་མ་བསྣམས། འཐོར་ཆུ་ཡོད་སའི་ཉེ་འགྲམ་དུ་ཁོས་རང་གི་ལུས་ལ་ས་སྣུམ་བླུགས་རྗེས་གཅེས་པའི་ལུས་སྲོག་མེ་རུ་བསྒྲོན། ཁོང་ཉིད་ཁྱམ་རའི་ར་བ་ལས་མཆོང་བཞིན་རླངས་འཁོར་འབབ་ཚུགས་ཀྱི་དཀྱིལ་ནས་ཆོས་དཔོན་ཝན་སིལ་གྱི་འདྲ་སྐུའི་ཕྱོགས་སུ་རྒྱུག། ཏོག་ཙམ་མ་གཏོགས་གློག་འཁོར་(Tram)ཞིག་གིས་ཁོང་རྫི་གྲབས་བྱས། གང་ཡིན་ཞེ་ན་ཁོང་ཉིད་“བཟའ་ཆས་ཚོང་ཁང།” ཕྱོགས་སུ་ཁ་འཁོར་སྐབས་ཁོང་ཉིད་དེ་གར་ས་རུ་འགྱེལ་བར་ལམ་བཞུད་པ་རྣམས་ཀྱིས་གློ་བུར་ཐོལ་བྱུང་དུ་མཐོང་ཡོད་པ་དང་ཁོང་ཚོས་རང་ཉིད་ཀྱི་སྟོད་གོས་ཕུད་ནས་ཁོང་ལ་གཡོག་ཡོད། ཡཱན་པ་ལ་ཁའི་རེ་སྐུལ་ལྟར་ཁོང་ཚོས་འཐོར་ཆུའི་ཉེ་འགྲམ་དུ་བཞག་ཡོད་པའི་ཁུག་མའི་ནང་ཡོད་པའི་ཁོང་གི་ཞལ་ཆེམས་ཀྱི་ཡི་གེ་རྣམས་བཀླགས། སྐར་མ་ཁ་ཤས་རྗེས་ནང་སྲིད་ལས་ཁུངས་ཀྱི་མྱུར་སྐྱོབ་རླངས་འཁོར་ཞིག་འགྲོ་བཞིན་པ་དང་སྟེས་དབང་གིས་འཕྲད་ནས་དེ་གར་ཁ་བཀག་སོང། མེས་བསྲེག་པའི་ན་གཞོན་ཁོང་ནི་ད་དུང་ཡང་གསོན་པོར་བསྡད་འདུག་པ་དང་ཁོང་ཉིད་མྱུར་དུ་ཆར་ལི་སི་བཞི་མདོར་དུ་ཡོད་པའི་སྨན་ཁང་དུ་བསྐྱལ། འོན་ཀྱང་ཁོང་ཉིད་དེ་གའི་སྨན་ཁང་དུ་མ་བཅུག་པར་ལེ་གྷེ་རོ་ཝའི་སྲང་ལམ་(Legerova Street)དུ་ཡོད་པའི་ཝི་ནོ་ཧ་ར་ཌི་སྨན་ཁང་(Vinohrady Hospital)གི་འགྱིག་ཚིའི་གཤག་བཅོས་དང་འཚིག་བཅོས་ཁང་དུ་མངག་གཏོང་བྱས། ཁོང་ཉིད་ཕྱི་དྲོའི་ཆུ་ཚོད་༢:༤༥ཐོག་སྨན་ཁང་དུ་འཛུལ་ཞུགས་བྱས། སྨན་ཞབས་ཚོས་ཁོང་ཉིད་སྨན་ཁང་གི་ཉལ་ཁང་དུ་སྐྱེལ་སྐབས་ཁོས་རང་ཉིད་རང་ཤི་རྒྱག་པ་ཞིག་མིན་ཚུལ་དང། དེ་ནི་ཝི་ཏི་ནམ་གྱི་ནང་པ་ཚོ་ནང་བཞིན་རང་ལུས་མེར་སྲེག་གིས་ངོ་རྒོལ་བྱས་པ་ཞིག་ཡིན་ཚུལ་བརྗོད། མི་དམངས་མང་པོ་ཞིག་པ་ལ་ཁའི་ངོ་རྒོལ་བྱེད་སར་འཛོམས་ཡོད་ཅིང། མེ་གསོད་རུ་ཁག་ཡང་དེ་མ་ཐག་འབྱོར། ཅེག་ཉེན་རྟོག་ཞིབ་དཔྱོད་པ་བསླེབས་ནས་གནས་ཚུལ་དོན་རྐྱེན་དང་པོ་མཐོང་མཁན་དང་པར་རྒྱག་མཁན་རྣམས་ལ་གནས་ཚུལ་ཞིབ་ཕྲ་འདྲི་བརྩད་བྱས་ཤིང་། འཐོར་ཆུ་ཡོད་སའི་ཉེ་འགྲམ་དུ་ཁོང་ཚོས་དུམ་བུ་བདུན་དུ་གྱུར་ཡོད་པའི་ཤེལ་དམ་དང་འཐོར་ཞིག་ཏུ་གྱུར་ཡོད་པའི་འགྱིག་སྣོད་སོགས་རྙེད། གཞན་ཡང་པ་ལ་ཁ་ཡིས་ངོ་རྒོལ་བྱེད་བཞིན་པ་མཐོང་མཁན་ཞིག་གིས་A4ཚད་གཞི་ཅན་གྱི་ཤོག་བུ་གཉིས་ཀྱི་ཐོག་ཏུ་ “འདི་གར་སློབ་ཕྲུག་རང་ལོ་༢༠བྱས་པ་ཞིག་གིས་རང་ལུས་མེར་བསྲེགས་བཏང་སོང།” ཞེས་པའི་དཔང་རྟགས་ཡི་གེ་ཞིག་ཀྱང་རྙེད། ཉེན་རྟོག་པས་པ་ལ་ཁའི་སྒེར་གྱི་དངོས་རྫས་རྣམས་གཞུང་བཞེས་བཏང་ཡོད་པ་དང། དེའི་ཁྲོད་དུ་ཁོང་གིས་ངོ་རྒོལ་བྱེད་དགོས་པའི་དམིགས་ཡུལ་རྒྱུ་མཚན་རྣམས་གསལ་པོ་འཁོད་ཡོད་པའི་ཡི་གེ་ཞིག་ཀྱང་ཡོད། ཡི་གེ་དེ་ལ་གཞི་བཅོལ་ནས་ཞིབ་དཔྱོད་པས་ཡཱན་པ་ལ་ཁ་ཡི་བྱ་སྤྱོད་དེ་ནི་རང་སྲོག་གཅོད་རྩིས་བྱས་པའི་ཁྲིམས་འགལ་གྱི་བྱེད་སྟུངས་ཤིག་ཡིན་པ་ཐག་གཅོད་བྱས།

>>>

པ་ལ་ཁ་ཡིས་ངོ་རྒོལ་བྱས་ནས་ཆུ་ཚོད་གཉིས་ཀྱི་རྗེས་སུ་ཅེག་སི་ལོ་ཝ་ཀིའི་གསར་འགྱུར་ཚན་པས་(Czechoslovak News Agency)རིག་གནས་སྡེ་ཚན་གྱི་སློབ་མ་ཞིག་གིས་རང་ལུས་མེར་བསྲེགས་བཏང་ཡོད་པའི་གནས་ཚུལ་ཐུང་ངུ་ཞིག་འགྲེམས་སྤེལ་བྱས་ཡོད་པ་དང། གསར་འགྱུར་དེའི་ནང་པ་ལ་ཁའི་གནས་ཚུལ་སྔ་མ་རྣམས་ལས་གསལ་མེད།

>>>