རྔམ་སྟོན་ཁྲོམ་སྐོར།

“ཆོས་དཔོན་ཝན་སི་ལ་སི་མཆོག་གི་འདྲ་སྐུའི་རྡོ་རིང་མདུན་དུ་ལྗོན་པ་འདེབས་འཛུགས་བྱས་རྗེས་འདི་གའི་གནས་སྟངས་སྔར་ལས་ལྷག་པའི་ཇེ་བཟང་དུ་གྱུར། ལྗོན་པ་འདེབས་འཛུགས་བྱས་པ་དེས་མི་རྣམས་འདྲ་སྐུ་རྡོ་རིང་གི་འོག་འཛོམ་འཛོམ་བྱེད་རྒྱུ་འགོག་ཐུབ་པ་མ་ཟད། དམིགས་བསལ་མེ་འཁོར་འགྲོ་འོང་གི་བདེ་འཇགས་ལ་མངོན་གསལ་དོད་པོའི་ཕན་ཐོག་བྱུང།”

སྤྱི་ལོ་༡༩༦༩ཟླ་བ་༡་ནང་ཡཱན་པ་ལ་ཁའི་ལས་འགུལ་ལ་ཅེག་ཉེན་རྟོག་པའི་ཞུ་ལན་སྙན་ཐོ།

མི་དམངས་ཚོས་བྱས་པ་ནི་ཡཱན་པ་ལ་ཁའི་ལས་འགུལ་ལ་རྒྱབ་སྐྱོར་མཚོན་ཐབས་ཀྱི་རྣམ་འགྱུར་མངོན་གསལ་དོད་ཤོས་ཤིག་རེད། མིང་ཁྱེར་མང་པོ་ཞིག་གི་ནང་དུ་རྗེས་དྲན་གྱི་གོམ་བགྲོད་བྱས་ཡོད་པ་དང་མི་དམངས་སྟོང་ཕྲག་མང་པོ་མཉམ་ཞུགས་བྱས་ཡོད། དེ་དག་ཕལ་མོ་ཆེ་ནི་མཐོ་རིམ་སློབ་མ་རྣམས་ཀྱི་གོ་སྒྲིག་བྱེད་བཞིན་ཡོད་པ་དང་བདེ་འཇགས་མི་སྣས་བཀག་སྡོམ་གང་ཡང་བྱས་མེད། འོན་ཀྱང་དབུས་པ་རཱག་གི་ནང་ཅེག་སི་ལོ་ཝ་ཀི་ཡ་ལ་བཙན་འཛུལ་བྱས་པར་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ་ཟློག་ཏུ་མེད་པའི་ཞི་བདེ་ལྷིང་འཇགས་ཀྱི་ལམ་དུ་བསྐྱོད་དགོས་པའི་ངོ་རྒོལ་བྱས།

སྤྱི་ལོ་༡༩༦༩ཟླ་བ་༡་ཚེས་༡༧ཉིན་ཝན་སི་ལ་སི་བཞི་མདོར་དང་དམིགས་བསལ་ཆོས་དཔོན་ཝན་སི་ལ་སི་ཡི་འདྲ་སྐུ་རྡོ་རིང་ཡོད་ས་དང་ཡཱན་པ་ལ་ཁའི་དོན་རྐྱེན་བྱུང་སའི་ས་ཁུལ་དུ་མི་རྣམས་ཀྱིས་ལག་ཏུ་དོན་རྐྱེན་འདིའི་སྐོར་གནས་ཚུལ་འཁོད་ཡོད་པའི་ཤོག་བྱང་ཁྱེར་ནས་འདུ་འཛོམས་བྱས། ཕྱི་ཉིན་དགོང་དྲོར་པ་རཱག་གི་གྲོང་ཁྱེར་གྱི་དབུས་སུ་རང་འགུལ་གྱི་རྔམ་སྟོན་ཁྲོམ་སྐོར་བྱས་པ་དང་དེའི་ནང་དུ་ན་གཞོན་སྟོང་ཕྲག་མང་པོ་མཉམ་ཞུགས་བྱས། ཅེག་ཉེན་རྟོག་པའི་སྙན་ཐོ་ལྟར་ན་ཁོང་ཚོའི་འབོད་ཚིག་ནི་“ཞིབ་བཤེར་པའི་གོ་གནས་རྩ་གཏོར་ཐོངས། གསར་འགྱུར་དེ་བཀག་དགོས། ཨུ་རུ་སུའི་མི་རྣམས་རང་ཁྱིམ་དུ་ལོག་རྒྱུག”བཅས་ཡིན་འདུག གཞན་ཡང་རྔམ་སྟོན་ཁྲོམ་སྐོར་བ་ཚོས་Leonid Brezhnevདང་ཅེག་ཁ་ལོས་ཝ་ཀི་སི་ཡི་སྲིད་འཛིན་Gustáv Husákལ་ངན་ཚིག་གི་འབོད་སྒྲ་ཡང་བསྒྲགས་འདུག

>>>

དེ་དང་ཕྱོགས་མཚུངས་པའི་རྔམ་སྟོན་ཁྲོམ་སྐོར་ཞིག་ཡཱན་པ་ལ་ཁའི་དུར་འཇུག་གི་ཉིན་རྗེས་མ་སྟེ་ སྤྱི་ལོ་༡༩༦༩ལོའི་ཟླ་བ་༡་ཚེས་༢༦གི་དགོང་དྲོའི་ཆུ་ཚོད་༥་པ་ཙམ་ལ་ཆོས་དཔོན་ཝན་སི་ལ་སིའི་འདྲ་སྐུའི་རྡོ་རིང་འགྲམ་དུ་མི་དམངས་བརྒྱ་ཕྲག་བརྒལ་བ་འཛོམས་ནས་མུ་སི་ཏེག་(Můstek)གི་ཕྱོགས་སུ་བསྐྱོད། དེ་ནས་གྲོང་ཁྱེར་གྱི་དཀྱིལ་ནས་བཤར་ཏེ་ཀ་མི་ལིས་ཀའི་ཁྲོམ་ལམ་(Karmelitská Street)དུ་བསྐྱོད། མི་ཇེ་མང་དུ་ཕྱིན་པ་དང་སྦྲགས་མཐའ་མཇུག་དེར་མི་དམངས་སྟོང་ཕྲག་གསུམ་ལྷག་ཙམ་བསླེབས་ཡོད། བདེ་འཇག་མི་སྣས་བཀག་འགོག་བྱས་རྗེས་ཁྲོམ་སྐོར་བ་ཁག་ཅིག་ཕྱིར་ཡུལ་དབུས་སུ་ལོག་ནས་ངོ་རྒོལ་བྱས་པར་བརྟེན་ཅེག་ཉེན་རྟོག་རུ་ཁག་དབར་རྙོག་འཛིང་ཇེ་ཆེར་གྱུར། མཐར་ཁྲོམ་སྐོར་བྱེད་མཁན་རྣམས་ཨོབ་ལེ་ཏ་ལོ་ཝ་ཁྲོམ་ལམ་(Opletalova Street)དུ་འབྱོར་སྐབས་རུ་སྟར་ཁ་འཐོར་གཏོང་བ་དང་མི་(ཕལ་ཆེ་བ་ན་གཞོན་ངལ་རྩོལ་བ)༡༩༣འཇུ་བཟུང་བྱས་ཏེ་ཉེན་རྟོག་ཁང་དུ་འཁྲིད་ཕྱིན།

སྤྱི་ལོ་༡༩༦༩ལོའི་ཟླ་བ་༡་ཚེས་༢༧ལ་ན་གཞོན་ཁྱུ་ཞིག་གིས་ཝན་སི་ལ་སིའི་འདྲ་སྐུའི་རྡོ་རིང་ཡོད་སར་འཛོམས་ཏེ་དགོང་དྲོ་དེར་ཆེས་མཐའ་མཇུག་གི་རྔམ་སྟོན་ཁྲོམ་སྐོར་དེ་པ་རཱག་གི་དབུས་སུ་བྱས་ཡོད་ཅིང་དེའི་ནང་མི་དམངས་ཉིས་སྟོང་ལྷག་མཉམ་ཞུགས་བྱས་ཡོད། ཉིན་རྗེས་མ་དེར་ཆོས་དཔོན་ཝན་སི་ལ་སིའི་འདྲ་སྐུའི་རྡོ་རིང་ཡོད་སར་ལྗོན་པ་འདེབས་འཛུགས་བྱས་ཏེ་མི་དམངས་འཛོམས་རྒྱུ་བཀག་ཡོད།

>>>