ཡཱན་ཛྷ་ཡི་ཙི།
༡༩༥༠ལོའི་སྤྱི་ཟླ་བདུན་པའི་ཚེས་གསུམ། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཝི་ཀོ་ཧྥ་རུ།
༡༩༦༩ལོའི་སྤྱི་ཟླ་གཉིས་པའི་ཚེས་ཉེར་ལྔ། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་པ་རཱག་རུ།
“འགྱུར་ལྡོག་ཆེ་བའི་ཉིན་རྒྱབ་དེ། པ་རོ་མེ་ཐུ་ས་སྤྱན་དྲངས་ཚར་ཙམ་ལ། ངའི་མིག་གཉིས་ཆུ་མཛོད་ཆག་པོ་ཞིག་ཏུ་གྱུར། ང་ལམ་དཀྱིལ་དུ་ཆར་པའི་ཁྲོད་དུ་ངུ་བཞིན་ཡོད། ཡོད་ཚད་ཀྱི་ཆེད་དུ། ལོ་ངོ་ཉེ་གཅིག་དེའི་ཆེད་དུ། དཔྱིད་མགོ་བཙུགས་པ་དང་བསད་པའི་དམག་མི་རྣམས་ཀྱི་ཆེད་དུ། ཕྱིར་འགྲོ་བར་ཁས་མི་ལེན་པའི་མི་དེའི་ཆེད་དུ།(…)དེ་ནི་༡༩༦༩ལོའི་སྤྱི་ཟླ་བདུན་པ་རེད།”
ཡཱན་ཛྷ་ཡི་ཙི་གིས་ཡཱན་པ་ལ་ཁ་ལ་བྲིས་པའི་སྙན་ངག་ཅིག་ལས།
༡༩༦༩ལོའི་སྤྱི་ཟླ་གཉིས་པའི་ཚེས་ཉེར་ལྔ་ཉིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་མོ་ར་ཝི་ཡའི་ནུབ་རྒྱུད་(Northern Moravia)ཀྱི་སུམ་པེར་ཀའི་(Šumperk)ཆེད་ལས་སློབ་གྲྭ་ཞིག་གི་སློབ་མ་ཡིན་པ་མཚན་ལ་ཡཱན་ཛྷ་ཡི་ཙི་ཞུ་བ་ཞིག་གིས་པ་རཱག་གི་ཝན་སི་ལ་སི་བཞི་མདོའི་འགྲམ་གྱི་ཁང་པ་ཞིག་ཏུ་རང་ལུས་ལ་ས་སྣུམ་བླུགས་ནས་མེ་རུ་བསྒྲོན་ཡོད་པ་རེད། ཁོང་གིས་ཡཱན་པ་ལ་ཁས་ཟླ་བ་གཅིག་གི་གོང་དུ་ཇི་ལྟར་རང་ལུས་མེར་བསྲེགས་གནང་བ་བཞིན་དུ་རྗེས་སུ་འབྲངས་ཡོད་མོད། ཡིན་ཡང་ཁོང་ཁང་པ་དེ་ལས་ཕྱིར་ཐོན་མ་ཐུབ་པར་ས་དེ་རང་དུ་སྐུ་གྲོངས་ཡོད།
ཡཱན་ཛྷ་ཡི་ཙི་གི་ཕ་མ་གཉིས་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་སྡོད་མི་བརྗེ་སྐབས་མོ་ར་ཝི་ཡའི་ནུབ་རྒྱུད་དུ་ཆགས་ཤིང་། ཡུལ་མི་སྟོང་ཚོ་འགའ་གནས་སྡོད་བྱ་སའི་གྲོང་རྡལ་ཝི་ཀོ་ཧྥ་རུ་ཡོང་ཡོད། ཁོང་གི་ཨ་ཕ་ལགས་ཚོང་པ་ཡིན་ཞིང་། ཨ་མ་ལགས་སློབ་ཆུང་དགེ་རྒན་ཡིན། ཡཱན་ཛྷ་ཡི་ཙི་ལགས་ཁོང་གཉིས་ཀྱི་བུ་ཕྲུག་འབྲིང་པོ་ཡིན། ཁོང་ལ་ཁོང་ལས་ཆེ་བའི་ཤ་ཉེ་གཅིག་དང་ཁོང་ལས་ཆུང་བའི་སྲིང་མོ་གཅིག་ཡོད། ཁོང་གི་ནང་མིའི་ཡིག་ཚགས་ཏུ་ “ཁོང་གི་ཨ་ཕ་ལགས་ནི་རང་དབང་གི་ལྟ་བ་ལྡན་པའི་མི་ཞིག་ཡིན་ཡང་ཨ་མ་ལགས་ཀྱིས་བུ་ཕྲུག་རྣམས་ཡེ་ཤུ་པའི་སྲོལ་རྒྱུན་སློབ་སྦྱོང་བརྒྱུད་ནས་བསྐྱེད་བསྲིངས་བྱས་ཡོད་”ཅེས་འཁོད་ཡོད། ད་དུང་ཛཱ་ཇིག་ལགས་ལ་དབང་ཀྱང་བསྐུར་མྱོང་ཡོད། ༡༩༦༥ལོར་ཡཱན་ཛྷ་ཡི་ཙི་ལགས་ཝི་ཀོ་ཧྥ་རུ་གཞི་རིམ་སློབ་སྦྱོང་མཐར་ཕྱིན་ཏེ་སུམ་པེར་ཀ་རུ་ཆེད་ལས་སློབ་གྲྭ་ཞིག་ཏུ་སློབ་སྦྱོང་བྱེད་མགོ་བརྩམས། ཁོང་གི་ཨ་ཕ་བསྙུང་གཞི་བཞེས་པས་ཁོང་གིས་ལས་རིགས་སློབ་གྲྭ་ཞིག་ཏུ་སློབ་སྦྱོང་བྱེད་དགོས་བྱུང་། ནང་མི་རྣམས་ལ་ཁོང་ལ་མགྱོགས་ནས་མྱུར་དུ་ལས་ཀ་ཞིག་རག་པའི་རེ་བ་ཆེ་བས་དེ་ལྟར་བྱས་པ་རེད། ༡༩༦༨ལོར་ལོ་གཉིས་ཀྱི་རྗེས་སུ་པ་རཱག་གི་དཔྱིད་ཀར་གྲགས་པའི་མཐའ་མའི་དུས་སྐབས་དེ་བསླེབས། ཡཱན་ཛྷ་ཡི་ཙི་དང་ཁོང་གི་སློབ་གྲོགས་རྣམས་སྲིད་དོན་ལ་དོ་སྣང་ཆེ་བས་མི་མང་བགྲོ་གླེང་ཆེན་མོར་ཞུགས། དངོས་སུ་མཐོང་མྱོང་མཁན་ཚོས་བཤད་པ་ལྟར་ན་ཡཱན་ཛྷ་ཡི་ཙི་ལགས་སྲིད་དོན་གྱི་ཤེས་བྱའི་ཐོག་སློབ་མ་གཞན་རྣམས་ལས་གོ་རྟོགས་མཐོ་ཟེར། ༡༩༦༨ལོའི་སྤྱི་ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན་སོ་ཝེ་ཏ་ཡིས་བཙན་འཛུལ་རྗེས་སུ་ཁོང་ཝི་ཀོ་ཧྥ་རུ་བཙན་དབང་ལ་རྒོལ་བའི་འགོག་རྒོལ་ལས་འགུལ་ལ་ཞུགས། ཁོང་གི་ཨ་ཕས་ཁོང་དང་ཁོང་གི་སྤུན་མཆེད་གཉིས་ལ་གཞིས་སྤོ་བྱ་དགོས་ཚུལ་བཤད་ཀྱང་ཁོང་གིས་མ་ཉན།
ཡཱན་པ་ལ་ཁ་གྲོངས་པའི་རྗེས་སུ་ཛཱ་ཇིག་ལགས་པ་རཱག་གི་གཞོན་སྐྱེས་དང་སློབ་མའི་ཚོ་ཁག་འགས་ཟས་བཅད་ངོ་རྒོལ་བྱེད་ཀྱིན་ཡོད་པར་འཛུལ་ཞུགས་བྱ་ཆེད་སུམ་པེར་ཁ་ནས་ཐོན། ཟས་བཅད་ངོ་རྒོལ་དེ་རྒྱལ་ཡོངས་འགྲེམས་སྟོན་ཁང་གི་ཞོལ་གྱི་ཝན་སི་ལ་སི་བཞི་མདོ་རུ་བྱས། ཟླ་དང་པོའི་ཚེས་ཉེར་ལྔ་ཉིན་ཁོང་དང་ཁོང་གི་སུམ་པེར་ཁ་ནས་ཡོང་བའི་འཛིན་གྲོགས་ཚོས་པ་རི་ཛ་ས་ཀའི་སྲང་ལམ་དུ་པ་ལ་ཁའི་གཤིན་ཆོས་བྱེད་བཞིན་པར་བལྟས། པ་རཱག་རུ་ཉིན་འགའི་རིང་བསྡད་པ་དེས་ལུང་ཁུག་ནས་ཡོང་བའི་ཛཱ་ཇིག་ལགས་ལ་སྲིད་དོན་གྱི་ཆེད་དུ་རང་སྲོག་བློས་བཏང་བྱེད་པའི་བག་ཆགས་ཟབ་མོ་བསྐྲུན། ཛཱ་ཇིག་གི་བསམ་པར་པ་ལ་ཁའི་ཡི་གེ་རུ་བསྒྲགས་གཏམ་སྤེལ་ཡོད་པ་དེས་རྐྱེན་བྱས་ནས་གཙུག་ལག་སློབ་གཉེར་ཁང་གཞན་ཞིག་གི་སློབ་མ་ཞིག་གིས་རང་སྲོག་བློས་བཏང་བྱ་རྒྱུ་རེད་དྲན་ཡང་། གཞན་སུ་གང་གིས་མ་བྱས་པས་བདུན་ཕྲག་གཅིག་ཙམ་གྱི་གོང་ནས་ཁོང་གིས་སྦྱོར་བ་དེ་བརྩམ་རྒྱུའི་གྲ་སྒྲིག་བྱས། ཁོང་༡༩༦༩ལོའི་ཟླ་བ་གཉིས་པའི་ཚེས་ཉེར་ལྔ་ཉིན་པ་རཱག་རུ་ཐོན། ཁོང་གི་འཛིན་གྲོགས་གསུམ་ཁོང་དང་མཉམ་དུ་རྒྱུ་མཚན་མི་འདྲ་བའི་ཆེད་འགྲུལ་བཞུད་བྱེད་ཀྱིན་ཡོད་པར་མ་ཟད། ཉེན་རྟོག་པ་ཚོས་ཁོང་གི་དགོངས་པ་ཤེས་ཡོད་ཀྱང་། སུས་ཀྱང་ཁོང་རང་སྲོག་གཅོད་པ་ལས་བཀག་འགོག་མ་བྱས། ཆུ་ཚོད་དང་པོ་དང་ཕྱེད་ཙམ་ལ་པ་རཱག་ནང་གི་ཝན་སི་ལ་སི་བཞི་མདོའི་ཁང་མིག་སོ་དགུ་པའི་ནང་དུ་ཁོང་གིས་རང་ལུས་ལ་ས་སྣུམ་བླུགས་ནས་མེ་རུ་བསྒྲོན་ཡོད་པ་རེད། ཁོང་ཐོག་བརྩེགས་དེ་ལས་ཕྱི་རུ་ཐོན་མ་ཐུབ་པར་ས་དེ་རང་དུ་གྲོངས།
ཁོང་གིས་དེ་རུ་ཁོང་གི་དྲན་འཆར་ཁྲོད་ཀྱི་རྗེས་འཇུག་པ་རྣམས་ཀྱི་མིང་ཐོ་ཞིག་དང་ “ཅེག་སི་ལོ་ཝཱ་ཀི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་”ཞེས་པའི་བསྒྲགས་ཡིག་ཅིག་བཞག་ཡོད། “ཡཱན་པ་ལ་ཁའི་བློས་བཏང་དེ་འདྲ་གནང་ཡོད་ཀྱང་། ང་ཚོ་གོམས་སྲོལ་རྙིང་པ་དེར་བསྐྱར་ལོག་བྱེད་བཞིན་འདུག” ཁོང་གིས་ད་དུང་འབྲི་དོན “དེ་བས་ཁྱེད་རྣམ་པ་གཉིད་ལས་བསླང་ཕྱིར་ངས་སྒྲོན་མེ་གཉིས་པ་དེ་སྤར་བར་ཐག་བཅད་པ་ཡིན། ངས་ལས་ཀ་འདི་ང་ལ་མྱ་ངན་གུས་འདུད་བྱ་ཆེད་བྱས་པ་མིན་ལ། སྐད་གྲགས་ཀྱི་ཆེད་དུ་དེ་བས་བྱས་པ་མིན། ང་སྨྱོན་པར་གྱུར་པས་བྱས་པའང་མིན། ངས་འདི་འདྲ་བྱས་ན་ཁྱེད་ཚོ་རྡོག་རྩ་གཅིག་སྒྲིལ་གནང་ནས་སྒེར་གཅོད་པ་རྣམས་ཀྱི་བཤུ་གཞོག་མྱངས་པར་མི་འགྱུར་དྲན་ནས་བྱས་པ་ཡིན། ‘ཆུའི་མཐོ་ཚད་དེ་ཁྱེད་ཀྱི་མགོའི་གོང་དུ་བསླེབས་ན་དེ་ཅི་ཙམ་མཐོ་བོ་ཡིན་མིན་དེ་གལ་ཆེན་པོ་མ་རེད་’ཅེས་པའི་ལེགས་བཤད་དེ་སེམས་ལ་ཟུངས། ངའི་ལུས་ཀྱི་སྒྲོན་མེ་འདི་ཅེག་སི་ལོ་ཝ་ཀི་ཡའི་རང་དབང་དང་བདེ་སྐྱིད་ཀྱི་ཕྱོགས་སུ་འབར་རུ་འཇུག་རོགས། དེ་འདྲ་བྱུང་ན་ང་ད་དུང་འཚོ་བཞིན་ཡོད།”
ཡཱན་ཛྷ་ཡི་ཙི་གི་གཤིན་ཆོས་དེ་༡༩༦༩ལོའི་ཟླ་གསུམ་པའི་ཚེས་གཉིས་ཉིན་ཝི་ཊ་ཀོ་ཧྥ་(Vítkov)རུ་བསྒྲུབས། མྱ་ངན་གུས་འདུད་ཞུ་ཆེད་མི་བརྒྱད་སྟོང་ལྷག་ཙམ་བཅར། ཡིན་ཡང་ཁོང་གི་སྦྱོར་བ་དེར་དོ་སྣང་སྤྲོད་མཁན་ཡཱན་པ་ལ་ཁའི་དོན་དག་ལ་དོ་སྣང་སྤྲོད་མཁན་ལས་ཀྱང་རྡབ་འགྱུར་གྱིས་ཉུང་། རེད་དེ་མི་མང་ཕལ་ཆེ་བས་ཛཱ་ཇིག་གི་རང་ལུས་མེར་བསྲེགས་དང་ཁོང་གི་སྲིད་དོན་བསམ་བློ་རྣམས་ཤེས་རྟོགས་བྱུང་ཡོད། ཛཱ་ཇིག་གྲོངས་པའི་རྗེས་སུ་ཁོང་གི་ནང་མི་རྣམས་ལ་ཁོང་གིས་རང་སྲོག་བཅད་པས་རྐྱེན་བྱས་ཏེ་དཀའ་ཁག་མང་པོ་མྱངས། ཁོང་གི་ཨ་མ་ལགས་ཀྱི་སློབ་གྲྭའི་ལས་ཀ་ཤོར་ཞིང་། ཁོང་གི་ཨ་ཕ་ལགས་དམར་ཤོག་ཚོགས་པ་ནས་ཕྱིར་འབུད་བཏང་། ཛཱ་ཇིག་ལགས་ཀྱིས་རང་སྲོག་བཅད་པ་དེས་ཁོང་གི་སྤུན་མཆེད་དང་སྲིང་མོ་གཉིས་གཙུག་ལག་སློབ་གཉེར་ཁང་དུ་འཛུལ་རྒྱུགས་བཏང་དུས་དང་ཕྱིས་སུ་སློབ་སྦྱོང་བྱེད་དུས་བཅས་སུ་སྲིད་དོན་གྱི་དཀའ་རྙོག་མང་པོ་བྱུང་།
དེང་སང་ཛཱ་ཇིག་ལགས་ལ་གཙོ་བོ་ཝི་ཊ་ཀོ་ཧྥ་རུ་ཡོད་པའི་ཡཱན་ཛྷ་ཡི་ཙི་གཟེངས་རྟགས་ཐེབས་རྩ་ཚོགས་པ་ནས་དྲན་གསོ་ཞུ་གི་ཡོད། ཚོགས་པ་དེས་ལུང་པ་དེའི་ནང་གི་གཞི་རིམ་དང་འབྲིང་རིམ་སློབ་གྲྭ་ཁག་གི་སློབ་མ་རྩེ་གྲས་རྣམས་ལ་གཟེངས་རྟགས་དེ་འབུལ་གནང་གི་ཡོད། གཟེངས་བསྟོད་བྱ་དགའ་སྤྲོད་པ་ནི་ལུང་པ་དེར་རིག་གཞུང་གི་བྱ་གཞག་གལ་ཆེན་ཞིག་ལ་བརྩི། ༡༩༩༡ལོར་ཡཱན་ཛྷ་ཡི་ཙི་ལགས་ལ་ཊོ་མཱས་གྷ་རི་གྷ་མཱ་སཱ་རི་ཀ(Tomas Garrigue Masaryk)འི་གཟེངས་རྟགས་ཨང་དང་པོ་དེ་སྐུ་གྲོངས་པའི་རྗེས་སུ་ཕུལ། ལོ་གཅིག་གི་རྗེས་སུ་ཁོང་གི་གཏམ་རྒྱུད་རྣམས་གློག་བརྙན་གྲགས་ཅན《ཡཱན》ཞེས་པ་ཞིག་ཏུ་ཕབ།
>>>
CIKRYT, Václav: Jan Zajíc 3. 7. 1950–25. 2. 1969, Šumperk 1991.
EICHLER, Patrik: Následovníci Jana Palacha. Jan Zajíc (1950–1969) a Evžen Plocek (1929–1969), In: BLAŽEK, Petr – EICHLER, Patrik – JAREŠ, Jakub a kol: Jan Palach ´69. FF UK – ÚSTR – Togga, Praha 2009, s. 90–114.
EICHLER, Patrik: Následovníci Jana Palacha. Jan Zajíc (1950–1969) a Evžen Plocek (1929–1969), In: BLAŽEK, Petr – EICHLER, Patrik – JAREŠ, Jakub a kol: Jan Palach ´69. FF UK – ÚSTR – Togga, Praha 2009, s. 90–114.
LEDERER, Jiří: Jan Palach. Zpráva o životě, činu a smrti českého studenta, In: BLAŽEK, Petr – EICHLER, Patrik – JAREŠ, Jakub a kol: Jan Palach ´69. FF UK – ÚSTR – Togga, Praha 2009, s. 231–345.
MAZÁČOVÁ, Barbara a kol.: Ve jménu života Vašeho…, Karolinum, Praha 1990.
SADECKÝ, Josef (ed.): Živé pochodně, Konfrontation, Zürich 1980.
VALOUCH, František: Básnický fragment Jana Zajíce, Severní Morava. Vlastivědný sborník, sv. 60, Šumperk 1990, s. 57–58.