རེའི་ཛ་ཌ་ཤི་ཝི་ཡེ་ཙི།
༡༩༠༩ སྤྱི་ཟླ་དགུ་བའི་ཚེས་བདུན། ཨའོ་སི་ཐྲི་ཡ་ཧཱན་ག་རིའི་ཌེ་དྷི་ཙེ།( Debice, Austria-Hungary)
༡༩༦༨ སྤྱི་ཟླ་དགུ་བའི་ཚེས་བཅུ་གཉིས། པོ་ལན་གྱི་ཝར་ས་ཨོའོ།(Warsaw, Poland)
“ད་དུང་མིའི་རིགས་ཀྱི་རྟགས་མེ་སྟག་ཙམ་ཡོད་པའི་མི་མང་རྣམ་པ། ཁྱེད་ཚོ་ཆིག་སྒྲིལ་བྱོས་ཤིག ངའི་ངུ་ངག་ཐོས་པར་གྱིས་ཤིག རྒས་པོ་དཀྱུས་མ་ཞིག་གི་ངུ་ངག རང་དང་གཞན་གྱི་རང་དབང་རང་གི་ཚེ་སྲོག་གི་གོང་དུ་བཀུར་བའི་རྒྱལ་ཁབ་ཅིག་གི་བུ་ཕྲུག་ཅིག་གི་ངུ་ངག ཆིག་སྒྲིལ་བྱོས་དང་། ད་དུང་དེ་ཙམ་ཕྱིས་དྲགས་མེད་དོ།།”
༡༩༦༨ སྤྱི་ཟླ་དགུ་བའི་ཚེས་བདུན། རེའི་ཛ་ཌ་ཤེ་ཝི་ཙེ། (Ryzard Siwiec)
༡༩༦༨ ཟླ་བ་དགུ་བའི་ཚེས་བརྒྱད་ཉིན་ཝཱར་ས་ཨོའོ་ཡི་ལོ་འཁོར་བཅུ་བའི་དོ་རའི་ནང་དུ་མཚན་ལ་ རེའི་ཛ་ཌ་ཤེ་ཝི་ཙེ་ཞུ་ཞིང་རང་ལོ་ལྔ་བཅུ་ང་དགུ་ཡིན་པའི་ལས་བྱེད་པ་ཞིག་པོ་ལན་གྱི་དམག་མི་ཅེག་སི་ལོ་ཝ་ཀི་ཡར་ (Czechoslovakia)བཙན་འཛུལ་བྱེད་པའི་ཁྲོད་དུ་ཞུགས་ཡོད་པར་ངོ་རྒོལ་བྱ་ཆེད་རང་ལུས་ལ་བཞུ་བྱེད་གཤེར་ཁུ་བླུགས་ནས་མེར་བསྲེགས་བཏང་ཡོད་པ་རེད།
རེའི་ཛ་ཌ་ཤེ་ཝི་ཙེ་ལགས་ནི་གྷ་ལི་ཙི་ཡ་(Galicia)(དེ་དུས་ཨའོ་སི་ཐྲི་ཡ་ཧཱན་ག་རི་ཡིན) (Austria-Hungary)རུ་༡༩༠༩ སྤྱི་ཟླ་གསུམ་པའི་ཚེས་བདུན་ཉིན་འཁྲུངས། ཆིག་སྟོང་དགུ་བརྒྱ་ཉི་ཤུའི་ནང་དུ་ཁོང་གི་ནང་མི་རྣམས་ལི་ཝོ་ཧྥུ་(Lvov)(དེ་དུས་པོ་ལན་ཡིན)རུ་གནས་སྤོས། ས་ཆ་དེ་རུ་རེའི་ཛ་ཌ་སློབ་འབྲིང་འགྲིམས་ཤིང་། དེ་རྗེས་ཡཱན་ཀ་ཛི་མི་ཡེར་ཞི་(Jan Kazimierz)སློབ་གྲྭ་ཆེན་མོ་ནས་སྒྱུ་རྩལ་སྡེ་ཚན་ཁོངས་ཀྱི་ཚོང་དོན་རིག་པའི་ཐོག་སློབ་མཐར་ཕྱིན། ཆིག་སྟོང་དགུ་བརྒྱ་སུམ་ཅུའི་དཀྱིལ་ཙམ་ནས་ཁོང་གིས་པི་རི་ཞེ་མི་སེལ་་ (przemysl)(པོ་ལན)རུ་དཔྱ་ཁྲལ་ལས་ཁུངས་སུ་ཕྱག་ལས་གནང་། པོ་ལན་ནུབ་རྒྱུད་འཇར་མན་དམག་མིས་བཙན་བཟུང་བྱས་རྗེས་ཁོང་བཙན་འཛུལ་བའི་ཆེད་དུ་ལས་ཀ་གནང་འདོད་མ་བྱུང་བས་ལས་ཁུངས་ནས་ཐོན་རྒྱུའི་ཐག་བཅད། དེ་རྗེས་ཁོང་གིས་གྲོང་རྡལ་གྱི་ལྡུམ་ར་བའི་ལས་ཀ་གནང་ཞིང་། འགོག་རྒོལ་གྱི་ལས་འགུལ་ནང་དུའང་ཞུགས་ཡོད། དམག་འཁྲུག་གི་རྗེས་སུ་ཁོང་སྦི་རག་དང་སྦྲང་རྩི་ཐོན་སྐྱེད་བྱེད་སའི་བཟོ་གྲྭ་ཞིག་གི་སྦྱིན་བདག་ཆགས། བཟོ་གྲྭ་དེ་གཞུང་བདག་ཅན་དུ་བསྒྱུར་རྗེས་སུའང་ཁོང་གིས་བཟོ་གྲྭ་དེར་རྩིས་པའི་ལས་ཁུར་བླངས། ༡༩༤༥ ནང་དུ་ཁོང་ཆང་ས་བརྒྱབ་པ་དང་། ཁོང་དང་ཆུང་མ་མཱ་རི་ཨ་གཉིས་ལ་ཕྲུ་གུ་ལྔ་ཡོད།
ཤེ་ཝི་ཙེ་ལགས་ཀྱིས་དམར་ཤོག་གཞུང་ལ་ཁ་གཏད་བཅག་ཅིང་། ཁོང་གི་རྙིང་ཞེན་ལྟ་བའི་རྩ་བ་ནི་རྒྱལ་ཞེན་རིང་ལུགས་དང་ཡེ་ཤུའི་ཆོས་ལུགས་ལ་དང་དོད་ཆེ་བ་དེར་ཐུག་ཡོད། ཁོང་གི་ཁང་པའི་ནང་དུ་༡༩༢༠ ལོར་བོལ་ཤེ་ཝི་ཀ་ས(Bolsheviks)ཕམ་པར་བརྒྱབ་ཅིང་པོ་ལན་གསར་པ་བཙུགས་གནང་མཁན་ཆེས་མཐོའི་རུ་དཔོན་ཇོ་ཙེབ་པིལ་སུད་ས་ཀིའི་(Jozef Pilsudski)འདྲ་པར་ཞིག་བཤམས་ཡོད། ཁོང་ལོ་རྒྱུས་སྒྲུང་གཏམ་ཀློག་པར་སྤྲོ་ཞིང་། འཛམ་གླིང་དམག་ཆེན་གཉིས་པའི་ལོ་རྒྱུས་དང་། པོ་ལན་པས་བློ་ཁོག་ཆེན་པོས་འགོག་རྒོལ་བྱས་པའི་ལོ་རྒྱུས་རྣམས་ཀློག་པར་དོ་སྣང་ཆེ། ༡༩༦༨ ནང་གི་སློབ་མའི་ངོ་རྒོལ་དེས་ཁོང་ཡིད་མགུ་ཚད་མེད་ཐེབས་ཤིང་། གཞུང་གི་དྲག་རྡུང་དེས་ཁོང་ལ་བློ་ཕམ་ཚོད་མེད་བཟོས། མཚན་མོར་ཁོང་གིས་སྨྱུག་མིང་ཡཱན་པོ་ལག(Jan Polák)ཅེས་པ་སྤྱད་དེ་སློབ་མ་མདུན་མཆོང་པ་རྣམས་ལ་རྒྱབ་སྐྱོར་གྱི་ཡི་གེ་བྲིས་ནས་བཀྲམས། ༡༩༦༨ ཀྱི་སྤྱི་ཟླ་བཞི་བའི་མགོ་སྟོད་དུ་ཁོང་གིས་རང་གི་མངོན་འདོད་རྣམས་ཡིག་ཐོག་ཏུ་ཕབ་ཅིང་། ཁོང་སྐུ་གྲོངས་རྗེས་ད་གཟོད་ཁོང་གི་ནང་མིར་སྦྲག་ཐོག་ནས་ཡི་གེ་དེ་འབྱོར། ཡི་གེ་དེའི་བརྗོད་པ་དང་པོ་ལས་དེ་དུས་ནས་ཁོང་གིས་མགོ་བརྩམས་མ་ཐག་པའི་ངོ་རྒོལ་དེར་བརྩི་མཐོང་ཆེན་པོ་གནང་ཡོད་པ་གསལ་བོར་མཚོན་ཡོད། སྤྱི་ཟླ་བརྒྱད་པའི་ནང་ ཅེག་སི་ལོ་ཝ་ཀི་ཡ་(Czechoslovakia)གཞན་གྱིས་དབང་བསྒྱུར་བྱས་རྗེས་ད་གཟོད་ཁོང་གིས་རང་ལུས་མེར་བསྲེགས་གནང་བའི་མཐའ་མའི་ཐག་གཅོད་དེ་བྱུང་བ་རེད། དབང་བསྒྱུར་བྱེད་པོའི་ཁྲོད་དུ་པོ་ལན་པའི་དམག་མི་ཞུགས་ཡོད། དེ་ནི་ཤེ་ཝི་ཙེ་ལགས་དང་ཁོང་གི་རྒྱལ་ཁབ་གཅིག་པའི་མི་མང་རྣམས་ལ་མཚོན་ན་རྒྱལ་ཁབ་གྱི་ངོ་ཚ་ཞིག་རེད།
ཁོང་གིས་སོ་ཝེ་ཏ་སྤྱི་མཐུན་རྒྱལ་ཁབ་ཀྱི་མ་རྩ་རིང་ལུགས་དང་འཛམ་གླིང་དམག་ཆེན་གཞན་ཞིག་བསླང་བར་བརྩམས་པའི་བྱ་སྤྱོད་རྣམས་ལ་སྐྱོན་བརྗོད་བྱེད་པའི་སྐད་འཕྲིན་ཞིག་སྒྲ་ལེན་གནང་སྟེ་རང་ཉིད་བློས་བཏང་གནང་རྒྱུར་ཞིབ་ཚགས་པོས་གྲ་སྒྲིག་བྱས། ཁོང་ལ་ལོ་འཁོར་བཅུ་བའི་དོ་རར་ཚོགས་པར་འགྱུར་བའི་ཞིང་པའི་དུས་སྟོན་དེར་འགྲོ་རྒྱུའི་འཛིན་བྱང་ཞིག་རག དུས་སྟོན་དེར་པོ་ལན་མི་མང་སྤྱི་མཐུན་རྒྱལ་ཁབ་དང་སྲིད་དོན་ཚོགས་པ་གཉིས་ཀའི་མགོ་ཁྲིད་རྣམས་བཅར་གྱིན་ཡོད་ལ། ཁྱོན་མི་མང་འབུམ་གཅིག་ཡན་མན་ཞིག་ཚོགས་ཞུགས་བྱེད་ཀྱིན་ཡོད། ཡིན་ཡང་མི་མང་གིས་ཤེ་ཝི་ཙེ་ལགས་ཀྱིས་རེ་འདུན་གནང་བ་ནང་བཞིན་ཡ་ལན་སྤྲད་མེད། མེ་བསད་ཟིན་པ་དང་ཁོང་མྱུར་དུ་ཕར་ཁྱེར་ཡོད། ཁོང་སྨན་ཁང་དུ་ཉེན་རྟོག་པའི་གཏན་འཇགས་ལྟ་ཞིབ་འོག་ཏུ་ལུས་ཤིང་། ཉིན་བཞིའི་རྗེས་སུ་སྐུ་གྲོངས། ཡོ་རོབ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་པ་ཚོས་གནས་ཚུལ་དེ་ཉིན་འགའི་རྗེས་སུ་ཐོས་མོད། ཡིན་ཡང་འཛིན་སྐྱོང་གིས་དེ་གནས་ཚུལ་ཁུངས་ལྡན་ཡིན་པར་མ་བརྩིས། ཡཱན་པོ་ལ་ཁས་རང་ལུས་མེར་བསྲེགས་བྱས་རྗེས་པོ་ལན་ཕྱོགས་ནས་ཤེ་ཝི་ཙེའི་རང་ལུས་མེར་བསྲེགས་སྐོར་གྱི་གནས་འཕྲིན་གསར་བ་ཞིག་འབྱོར་བས། ད་གཟོད་ཁོང་གིས་རང་ལུས་མེར་བསྲེགས་བྱས་པའི་སྐོར་དེ་༡༩༦༠ ལོའི་སྤྱི་ཟླ་གསུམ་པའི་ནང་དུ་ཡོངས་ཁྱབ་གསལ་བསྒྲགས་བྱས།
༡༩༨༡ ལོར་ཤེ་ཝི་ཙེ་ལགས་ཀྱི་ནང་མིས་ཁོང་དྲན་རྟེན་གྱི་ཆེད་དུ་དེབ་ཅིག་དཔར་དུ་བསྐྲུན་ཅིང་། དེ་དུས་དེ་སྔར་ཁོང་གིས་རང་ལུས་མེར་བསྲེགས་མ་བྱས་སྔོན་དུ་སྒྲ་སྡུད་བྱས་པའི་སྐད་འཕྲིན་དེའི་འདྲ་བཤུས་ཐོག་དང་པོར་མི་མང་གི་མིག་ལམ་དུ་མངོན་པར་གྱུར། ༡༩༩༠ མགོ་སྟོད་ཙམ་ལ་པོ་ལན་པའི་དབུ་འཛིན་མ་ཙི་ཡེའི་J.དྷི་རི་གྷ་སི་(Maciej J. Drygas)ཀྱིས་དངོས་སུ་མཐོང་མཁན་དང་ནང་མི་ལས་དཔང་རྟགས་མང་དུ་བཙལ། ཁོ་ལ་གྱོད་དོན་བརྩད་ཞིབ་ངོ་མའི་སྙན་ཐོའི་ཡིག་ཚགས་རག་ཅིང་། རེའི་ཛ་ཌ་ཤེ་ཝི་ཙེ་ལགས་ཀྱི་ལུས་ལ་མེ་འབར་བཞིན་པའི་བརྙན་ཐུང་སྐར་ཆ་བདུན་ཙམ་ཡོད་པ་ཞིག་ཀྱང་གསར་རྙེད་བྱུང་། ༡༩༩༡ ནང་དུ་ཁོས་དངོས་བྱུང་གློག་བརྙན་ “ངའི་ངུ་ངག་ཐོས་པར་གྱིས་ཤིག་”(Uslyszcie moj krzyk)ཅེས་པ་ཞིག་དང་། རླུང་འཕྲིན་ལེ་ཚན་ “ཆེས་མཐའ་མའི་མངོན་འདོད་”(Testament)ཅེས་པ་གཉིས་བཟོས། དེ་བས་ཤེ་ཝི་ཙེ་ལགས་ཀྱི་ངོ་རྒོལ་དེ་པོ་ལན་གྱི་རྒྱལ་ནང་དང་རྒྱལ་ཕྱིར་གྲགས་པར་གྱུར་པ་དེ་ཁོའི་བྱས་རྗེས་རེད། ༢༠༠༣ ལོར་པོ་ལན་པའི་རྒྱལ་ཡོངས་དྲན་གསོའི་སློབ་གྲྭའི་ཞིབ་འཇུག་པ་ཚོས་གསང་བའི་ཉེན་རྟོག་པས་བླངས་པའི་གློག་བརྙན་ཞིག་གསར་རྙེད་བྱུང་ཡོད།
རེའི་ཛ་ཌ་ཤེ་ཝི་ཙེ་ལགས་སྐུ་གྲོངས་རྗེས་སུ་ཅེག་(Czech)དང་། སི་ལོ་ཝ་ཀི་(Slovak) པོ་ལན་གྱི་ཆེ་མཐོང་གཟེངས་རྟགས་བཅས་ཁོང་གི་མཚན་ཐོག་ཏུ་ཕུལ། ༡༩༨༩ རྗེས་སུ་གྲོང་ཁྱེར་པིར་ཛེ་མིས་ལ་དང་། ཌེ་བྷའི་སི། ཝར་ས་ཨོའོ་བཅས་སུ་ཁོང་གི་དྲན་རྟེན་པར་རིས་བཞེངས། དེ་སྔར་ཁོང་བཞུགས་སའི་གྲོང་ཁྱེར་པིར་ཛེ་མིས་ལ་རུ་ཡོད་པའི་ཟམ་པ་ཞིག་ལ་ཁོང་གི་མཚན་གསོལ། ༢༠༠༩ ལོར་ཛེ་ཆའི་དབང་ཆ་གཅིག་སྡུད་རྒྱལ་ཁབ་ཞིབ་འཇུག་སློབ་གཉེར་ཁང་གི་རྒྱ་ལམ་ལ་ཁོང་གི་མཚན་གསོལ། ༢༠༡༠ ལོར་རྒྱ་ལམ་དེ་རུ་ཁོང་གི་དྲན་རྟེན་འདྲ་བརྙན་ཞིག་ཀྱང་བཞེངས་ཡོད།
>>>
BLAŽEK, Petr – KAMIŃSKI, Łukasz – VÉVODA, Rudolf (eds.): Polsko a Československo v roce 1968. Ústav pro soudobé dějiny AV ČR – Dokořán, Praha 2006.
BLAŽEK, Petr: Ryszard Siwiec 1909–1968. IPN, Varšava 2010.
BLAŽEK, Petr: Živá pochodeň na Stadionu Desetiletí. Protest Ryszarda Siwce proti okupaci Československa v roce 1968. ÚSTR, Praha 2008.
DRYGAS, Maciej J.: Było wtedy ostre słońce... Jak powstawał film o Siwcu, In: Kwartalnik filmowy, č. 1 (1993), s. 63–67.
DRYGAS, Maciej J.: Testament (Słuchowisko dokumentalne), In: Kwartalnik filmowy, č. 1 (1993), s. 69–83.
DRYGAS, Maciej J.: Usłyszcie mój krzyk (Lista montażowa), In: Kwartalnik filmowy, č. 1 (1993), s. 44–59.
EISLER, Jerzy: Polski rok 1968. Instytut Pamięci Narodowej – Komisja Ścigania Zbrodni przeciwko Narodowi Polskiemu, Warszawa 2006.
KALISKI, Bartosz (ed.): Płomień Ryszarda Siwca, In: Karta, č. 44 (2005), s. 78–97.
KAMIŃSKI, Łuskaz: První živá pochodeň ve východním bloku. Ryszard Siwiec (1909–1968), In: BLAŽEK, Petr – EICHLER, Patrik – JAREŠ, Jakub a kol: Jan Palach ´69. FF UK – ÚSTR – Togga, Praha 2009, s. 115–127.
ROZEN, Henryk: Traktat na dwa głosy, Kwartalnik filmowy, č. 1 (1993), s. 86–92.
SIWIEC, Wit (ed.): 8 września 1968 r. Żywa pochodnia na Stadionie X-lecia. b.m., 1981.
TISCHNER, Józef: Myśmy tej śmierci nie przemyśleli, In: Kwartalnik filmowy, č. 1 (1993), s. 41–43.