མོ་ཧ་མེ་ད་བྷོ་ཨ་ཛི་ཛི།

༡༩༨༤ལོའི་སྤྱི་ཟླ་གསུམ་པའི་ཚེས་ཉེར་བཞི། སི་དི་བྷོ་ཨ་ཛིད(Sidi Bouzid)

༢༠༡༡ལོའི་སྤྱི་ཟླ་དང་པོའི་ཚེས་བཞི། བྷེན་ཨ་རོ་ས(Ben Arous)

༢༠༡༡ལོའི་སྤྱི་ཟླ་དང་པོའི་ཚེས་བཞི། བྷེན་ཨ་རོ་ས(Ben Arous)

མོ་ཧ་མེ་ད་བྷོ་ཨ་ཛི་ཛི།

༢༠༡༠ལོའི་སྤྱི་ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན་རང་ལོ་ཉི་ཤུ་རྩ་དྲུག་སོན་པའི་ཏུ་ནི་ཤི་ཨ་(Tunisian)བ་ཐང་ཁྲོམ་སྟོན་མཁན་མཚན་ལ་མོ་ཧ་མེ་ད་བྷོ་ཨ་ཛི་ཛི་ཞུ་བ་ཞིག་གིས་ཉེན་རྟོག་པ་ཚོས་ཁོང་ལ་གནོད་འཚེ་བྱས་པར་ངོ་རྒོལ་བྱས་ཏེ་རང་ལུས་མེར་བསྲེགས་གནང་ཡོད་པ་རེད། ཁོང་གི་བྱ་སྤྱོད་དེས་རྔམ་སྟོན་ཁྲོམ་སྐོར་ཞིག་གི་སྣེ་ཁྲིད་ཅིང་། དེའི་རྐྱེན་པས་སྲིད་གཞུང་འགྱུར་བ་གཏོང་དགོས་པ་བཟོས་པ་རེད།

རང་ལུས་མེར་བསྲེགས་ཕལ་ཆེ་བས་ཤུགས་རྐྱེན་ཆེན་པོ་ཐེབས་ཐུབ་མེད་མོད། དེ་དག་ལས་ཉུང་ཤས་ཤིག་གིས་ས་གནས་དེ་དག་གི་སྲིད་གཞུང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། མོ་ཧ་མེ་ད་བྷོ་ཨ་ཛི་ཛི་ལགས་ཀྱི་བྱ་སྤྱོད་དེ་དག་གི་ཁོངས་སུ་གཏོགས། ཁོང་གིས་ས་གནས་ཉེན་རྟོག་པ་ཚོས་ཁོང་ལ་གནོད་འཚེ་བྱས་པར་ངོ་རྒོལ་གནང་སྟེ་རང་ལུས་མེ་རུ་བསྒྲོན་པ་རེད་མོད། ཁོང་གི་དོན་རྐྱེན་དེའི་སྐོར་ཞིབ་རྒྱས་ཤིག་ད་བར་སུ་ལའང་བཤད་རྒྱུ་མི་འདུག མི་འགའ་ཞིག་གིས་བཤད་པ་དེ་གཞན་རྣམས་ཀྱིས་བཤད་པ་དང་མཐུན་གྱི་མི་འདུག

མོ་ཧ་མེ་ད་བྷོ་ཨ་ཛི་ཛི་ལགས་ནི་སི་དི་བྷོ་ཛིད་(ཏུ་ནིས་ནས་སྤྱི་ལེ༢༥༠ཙམ)དུ་བཟོ་ལས་བ་ཞིག་གི་ཁྱིམ་དུ་འཁྲུངས། ཁོང་གི་ཨ་ཕ་ཁོང་ལོ་གསུམ་ཡིན་དུས་ནས་གྲོངས་ཤིང་། ལོ་འགའི་རྗེས་སུ་ཁོང་གི་ཨ་མ་ཁོང་གི་ཨ་ཁུ་ཞིག་དང་ཆང་ས་བརྒྱབ། ཁོང་ལ་གཅེན་གཅུང་དྲུག་ཡོད། གསར་ཁང་འགས་ཁོང་གི་སློབ་ཆེན་ལག་ཁྱེར་སྐོར་བཤད་ཡོད་ནའང་ཁོང་ནི་སི་དི་ས་ལྷ་(Sidi Salah)རུ་ལུང་ཁུག་གི་སློབ་གྲྭ་དེ་ལས་གཞན་འགྲིམས་མ་མྱོང་། ཁོང་གི་ནང་མི་ཤིན་ཏུ་སྐྱོ་བས་ཁོང་གིས་རིང་པོ་མ་སོང་བར་ལས་ཀ་བྱེད་དགོས་བྱུང་། རྗེས་སུ་ཁོང་གིས་ཐང་ཁྲོམ་བསྟན་རྒྱུའི་ལས་ཀ་གཉེར་ཏེ་སྔོ་ཚོད་འཚོང་བཞིན་ཡོད། ཁོང་ལ་ཐང་ཁྲོམ་བསྟན་རྒྱུའི་ལག་ཁྱེར་མེད་པས་ས་གནས་ཉེན་རྟོག་པ་ཚོས་རྒྱུན་དུ་ཁོང་གི་རྐང་གཅིག་འཁོར་ལོ་འཕྲོག་བཞིན་ཡོད།

ཁོང་གི་ནང་མི་ཚོས་ལབ་པ་ལྟར་ན༢༠༡༡ལོའི་སྤྱི་ཟླ༡༢ཚེས༡༧ཉིན་ཁོང་ཞོགས་པ་སྔ་པོ་ནས་ནམ་རྒྱུན་ཐང་ཁྲོམ་བསྟན་ས་དེར་སོང་ཡོད་འདུག ཞོགས་པའི་ཆུ་ཚོད༡༠:༣༠ཙམ་ལ་མིང་ལ་ཧྥེ་ད་ཧམ་དི་ཟེར་བའི་བུད་མེད་ཉེན་རྟོག་པ་ཞིག་སླེབས་ནས་ཁོང་གི་གློག་གི་རྒྱ་མ་དེ་ཕྲོགས་སོང་ཡོད་འདུག ད་དུང་མོས་ཁོང་ལ་འགྲམ་ལྕག་འགའ་བཞུས་པར་མ་ཟད་ཁོང་གི་ཨ་ཕ་འདས་པོའི་མིང་ནས་བོས་ཏེ་མཚང་འབོད་ཀྱང་བྱས་ཡོད་འདུག(ཡིན་ཡང་མོས་སྐད་ཆ་དེའི་ཐོག་ཏུ་རྩོད་པ་བྱས་ཏེ་ཟླ་འགའི་རྗེས་སུ་མོ་ཉེས་ཅན་དོ་དམ་ཁང་ནས་གློད་གྲོལ་ཐོབ་ཡོད།) བྷོ་ཨ་ཛི་ཛི་ལགས་མྱུར་དུ་རྫོང་དཔོན་གྱི་ལས་ཁུངས་སུ་གནས་ཚུལ་དེ་ཞུ་གཏུགས་བྱེད་པར་བཅར་ཡོད། ཡིན་ཡང་རྫོང་དཔོན་དེས་ཁོང་ཐུག་འདོད་མ་བྱས། དེ་བས་ཁོང་གིས་ཉེ་འགྲམ་གྱི་ས་སྣུམ་ཉེ་ས་ཞིག་ནས་ས་སྣུམ་འགྱིག་དམ་གང་ཉོས་ཏེ་ཆུ་ཚོད་༡༡:༣༠ཙམ་ལ་སླར་རྫོང་དཔོན་གྱི་སྡོད་གནས་སུ་འབྱོར། དངོས་སུ་མཐོང་མཁན་འགས་བརྗོད་པ་ལྟར་ན་ཁོང་གིས་ “ཁྱེད་ཚོས་ངས་ཇི་ལྟར་འཚོ་བ་བསྐྱལ་དགོས་པ་རེད་འདོད”ཅེས་བརྗོད་དེ་ལུས་པོ་མེ་རུ་བསྲེགས་ཡོད་པ་རེད། མེ་བསྲེགས་རྗེས་ཁོང་གི་གཟུགས་པོ་ཕལ་ཆེ་བ་འཚིགས་ཟིན་པ་ཞིག་གཟུགས་པོའི་ཆ་ཤས་བརྒྱ་ཆ་དགུ་བཅུ་ལྷག་འཚིགས་ཟིན)སི་དི་བྷོ་ཛིད་དུ་ཡོད་པའི་སྨན་ཁང་ཆུང་ངུ་ཞིག་ཏུ་ཁྱེར་ཞིང་། དེ་རྗེས་ས་ཧྥ་ཁེ་སི་(Sfax)རུ་ཡོད་པའི་སྨན་ཁང་ཞིག་ཏུ་ཁྱེར། དེ་ནས་བྷེན་ཨ་རཱོས་སུ་ཡོད་པའི་འཚིགས་བཅོས་སྨན་ཁང་ཞིག་ཏུ་བརྒྱུད་གཏོང་བྱས།

ཁོང་གི་བྱ་སྤྱོད་དེས་མི་མང་གི་ངོ་རྒོལ་ཆེན་པོ་ཞིག་གི་རླབས་ཤིག་འཁྱོམ་པར་བྱས། ཏུ་ནི་ཤི་ཡ་བ་སྟོང་ཕྲག་མང་པོ་ཐང་དུ་ཐོན་ཏེ་བྷེན་ཨ་ལི་(Ben Ali)ལས་གནས་ལས་བབས་དགོས་པའི་དགོས་འདུན་བཏོན། སྐབས་དེར་སྲིད་གཞུང་ཚོང་འབྲེལ་དང་སྤྱི་ཚོགས་ཀྱི་དཀའ་ངལ་མང་པོ་འཕྲད་དེ་གཞོན་ནུ་མང་པོ་ཞིག་ལས་མེད་དུ་འགྱུར་བཞིན་ཡོད། གཞུང་གི་གཙོ་འཛིན་གནས་སྟངས་དེ་བསྒྱུར་བར་དཀའ་ངལ་འཕྲད་བསྡད་ཡོད། ༢༠༡༠ལོའི་སྤྱི་ཟླ༡༢པའི་ཚེས༢༨ཉིན་ཁོ་མེས་འཚིགས་པའི་མི་དེ་ལ་བལྟ་རུའང་བསྐྱོད། མོ་ཧ་མེ་ད་བྷོ་ཨ་ཛི་ཛི་ལགས༢༠༡༡ལོའི་སྤྱི་ཟླ་དང་པོའི་ཚེས༤ཉིན་གྲོངས། མི་སྟོང་ཕྲག་མང་པོ་ཁོང་གི་དུར་འཇུག་ལ་ཞུགས། བྷོ་ཨ་ཛི་ཛི་གྲོངས་ཏེ་ཉིན་བཅུ་ཕྱིན་མཚམས་བྷེན་ཨ་ལི་ལོ་ངོ་ཉི་ཤུ་རྩ་གསུམ་གྱི་དབང་སྒྱུར་དེ་མཚམས་བཞག་ནས་ནང་མི་དང་ལྷན་དུ་ས་ཨོ་དི་ཨ་རབ་ཏུ་བྲོས་ཕྱིན།

མོ་ཧ་མེ་ད་བྷོ་ཨ་ཛི་ཛི་ལགས་ “ཨ་རབ་ཀྱི་དཔྱིད་ཀ”འི་མཚོན་རྟགས་སུ་གྱུར། ཁོང་གི་རྒྱལ་ཁབ་ཏུ་མི་མང་པོས་ཁོང་གི་རང་ལུས་མེར་བསྲེགས་དེ་ལ་ལད་ཟློས་བྱས་ཡོད(བྷོ་ཨ་ཛི་ཛི་ལགས་གྲོངས་ནས་ཟླ་བ་དྲུག་ལས་མ་འདས་བར་ཏུ་ནི་ཤི་ཡ་བ་བརྒྱ་དང་བདུན་ཙམ་གྱིས་རང་ལུས་མེར་བསྲེགས་བྱས་ཡོད)་པར་མ་ཟད། ཨ་རབ་གྱི་རྒྱལ་ཁབ་གཞན་འགའ་ཞིག་ཏུའང་ཁོང་ལ་ལད་ཟློས་བྱས་ཏེ་མི་མང་པོ་འཛོམས་ཡོད་འདུག ཁ་ཆེའི་རྒྱལ་ཁབ་དེ་ཚོའི་ནང་དུ་མཁས་པ་འགས་རང་ལུས་མེར་བསྲེགས་ལ་ཆོས་ལུགས་ཀྱི་གྲུབ་མཐའི་དབང་གིས་སྐྱོན་བརྗོད་བྱེད་ཀྱིན་ཡོད་པས་ན་དེ་བགྲོ་གླེང་གི་བརྗོད་གཞི་གལ་ཆེན་ཞིག་ཏུ་གྱུར། ཕྱི་ལོ༢༠༡༡ལོར་ཡུ་རོབ་སྤྱི་འཐུས་ལྷན་ཚོགས་ནས་མོ་ཧ་མེ་ད་བྷོ་ཨ་ཛི་ཛི་ལགས་ལ་ས་ཁ་རོ་ཧྥ་(Sakharov)བསམ་བློའི་རང་དབང་བྱ་དགའ་ཕུལ། ཁོང་ལས་གཞན་བཞི་ལའང་བྱ་དགའ་དེ་སྤྲད་ཡོད་ལ་དེ་དག་ཚང་མ་ཨ་རབ་ལུང་པའི་ནང་གི་མི་མང་གི་ངོ་རྒོལ་དང་འབྲེལ་བ་ཤ་སྟག་རེད།

>>>

Tunisia one year on: New trend of self-immolations, In: BBC News, 12. 1. 2012, dostupné on-line: http://www.bbc.co.uk/news/world-africa-16526462 (ověřeno 7. 11. 2012)

Mohamed Bouzizi, In: Wikipedia (anglická verze), dostupné on-line: http://en.wikipedia.org/wiki/Mohamed_Bouazizi (ověřeno 7. 11. 2012)

RYAN, Yasmine: The tragic life of a street vendor, In: Aljazeera, 20. 1. 2011, dostupné on-line: http://www.aljazeera.com/indepth/features/2011/01/201111684242518839.html (ověřeno 7. 11. 2012)