ཐཱེ་ཁ་ཁུན་གྷ་དུའུ་ཁ།

ཧཱོ་བོ་ཁཱན། བེ་ཏི་ནམ། སྤྱི་ལོ་༡༨༩༧ལོར།

སཱེའི་གོན། བེ་ཏི་ནམ། སྤྱི་ལོ་༡༩༦༣ཟླ་བ་༦ཚེས་༡༡།

“ངས་མིག་བཙུམ་སྟེ་བློ་སེམས་སངས་རྒྱས་ཀྱི་བཞེད་དགོངས་ཕྱོགས་སུ་མ་བསྐྱོད་པའི་སྔོན་དུ་། ངས་གུས་བརྩི་དང་བཅས་སྲིད་འཛིན་ནཱེ་གོ་དིན་དིའུམ་ལགས་སུ་རྒྱལ་ཁབ་ཀྱི་མི་སེར་རྣམས་ལ་བྱམས་སྙིང་རྗེས་གཟིགས་ནས་རྒྱལ་ཁབ་རྟག་བརྟན་ཡོང་ཕྱིར་ཆོས་ལུགས་ཀྱི་རང་དབང་འདྲ་མཉམ་ལག་བསྟར་ཡོང་བའི་སྐྱབས་འཇུག་ཞུས་པ་ཡིན།”

ཐཱེ་ཁ་ཁུན་གྷ་དུའུ་ཁ། སྤྱི་ལོ་༡༩༦༣ཟླ་བ་༦ཚེས་༡༡།

སྤྱི་ལོ་༡༩༦༣ཟླ་བ་༦ཚེས་༡༡ལ་ལོ་ན་༦༧སོན་པའི་ནང་པའི་གྲྭ་པ་ཐཱེ་ཁ་ཁུན་གྷ་དུའུ་ཁ་ལགས་ཀྱིས་ནང་པ་ཚོར་གཉའ་གནོན་བྱས་པར་མ་བཟོད་པར་རང་ལུས་ལ་ས་སྣུམ་བླུགས་ཏེ་མེར་བསྲེགས་བཏང་ཡོད།

ཐཱེ་ཁ་ཁུན་གྷ་དུའུ་ཁ་ལགས་སྤྱི་ལོ་༡༨༩༧བེ་ཏི་ནམ་གྱི་དབུས་སུ་ཡོད་པའི་ཁཱན་ཧོ་ཨ་མངའ་སྡེའི་ནང་གི་གྲོང་གསེབ་ལོར་ཧོའི་ཁན་དུ་འཁྲུངས། ཁོང་གི་མི་ཚེའི་ལོ་རྒྱུས་ཕྲན་ཚེགས་ཤིག་ནི་ནང་པའི་ཡིག་ཆ་གཅིག་པུའི་ནང་དུ་མཐོང་ཐུབ། ཁོང་ཉིད་མི་ཚང་ཆེན་པོ་ཞིག་ནས་ཡིན་པར་བརྟེན་ཁོང་ཉིད་ལ་སྤུན་མཆེད་དྲུག་ཡོད། ཁོང་སྐྱེས་དུས་སུ་ལཱམ་ཝན་ཏུ་(Lam Van Tuc)ཞེས་འབོད་ཀྱི་ཡོད། ཁོང་ཉིད་ལོ་བདུན་ལ་སོན་སྐབས་ཐེག་ཆེན་གྱི་དགོན་པ་ཞིག་གི་ནང་དུ་ཞུགས་ཡོད་པ་དང་། དགུང་ལོ་ཉི་ཤུ་སོན་སྐབས་གྲྭ་པའི་སྡོམ་པ་མནོས་པའི་མཚན་ལ་ཐཱེ་ཁ་ཁུན་གྷ་དུའུ་ཁ་ཞེས་གསོལ། སྤྱི་ལོ་༡༩༣༢ལ་ཁོང་ཉིད་གྲྭ་པའི་དགེ་བསྐོས་སུ་བདམ་པར་བརྟེན་ཁོང་ཉིད་ཀྱིས་སྐུ་ལས་ཚད་མེད་བསྐྱོན་ཏེ་ལྷ་ཁང་༡༤བཞེངས་ཡོད། སྤྱི་ལོ་༡༩༣༤ལོར་ཁོང་ཉིད་བེ་ཏི་ནམ་གྱི་ལྷོ་ཕྱོགས་སུ་ཕེབས་ནས་དགེ་རྒན་གནང་། མ་ཟད་ཁོང་ཉིད་ལོ་གཉིས་རིང་ཁེམ་བྷོ་ཌི་ཡའི་ནང་དུ་བཞུགས་གནང་ཡོད་པ་རེད། དེ་རྗེས་ཁོང་གིས་སླར་ཡང་ལྷ་ཁང་གསར་བཞེངས་ཀྱི་འགན་འཁུར་བཞེས་ཡོད་ཅིང་། ཁྱོན་བསྡོམས་ཁོང་གིས་ལྷ་ཁང་༣༡གསར་བཞེངས་ཀྱི་འགན་འཁུར་གནང་ཡོད། སྤྱི་ལོ་༡༩༤༣ལོར་ཁོང་ཉིད་ས་ཡི་གྷོན་(Saigon)ཕྱོགས་སུ་ཕེབས་ནས་དེ་གར་ཆོ་ག་ཕྱག་ལེན་དང་ཚོགས་པའི་འགན་འཛིན་གནང་ཡོད་པ་རེད། དེ་རྗེས་ཀྱི་ལོ་རབས་ནང་ཁོང་ཉིད་བེ་ཏི་ནམ་གྱི་ནང་ཆོས་ཀྱི་དབུ་འཁྲིད་གལ་ཆེན་ཞིག་ཏུ་གྱུར་པ་རེད།

སྤྱི་ལོ་༡༩༦༠འགོ་བཙུགས་མ་ཐག་ནས་བཟུང་བེ་ཏི་ནམ་ལྷོ་མའི་༼བེ་ཏི་ནམ་སྤྱི་མཐུན་རྒྱལ་ཁབ་༽ནང་དུ་ཆོས་ལུགས་ཀྱི་རྙོག་དྲ་ཇེ་ཆེར་གྱུར་པ་རེད། གནའ་བོ་ནས་བཟུང་ནང་ཆོས་ཀྱིས་དབང་བསྒྱུར་བའི་རྒྱལ་ཁབ་དེ་ཉིད་དབང་འཛིན་པ་ཡེ་ཤུའི་ཆོས་ལུགས་ཡིན་པའི་སྲིད་འཛིན་ནཱེ་གོ་དིན་དིའུམ་(Ngo Dinh Diem)གྱིས་ཁ་ལོ་བསྒྱུར་བ་རེད། ལྐོགས་ཟ་རུལ་སུང་ཁྱབ་བདལ་ཕྱིན་པ་དང་། རཱོ་མན་ཁེ་ཐོ་ལིག་ཆོས་ལུགས་ལ་དམིགས་བསལ་གྱི་གཞུང་ཞབས་སྤྲད་པ། ནང་པའི་ཆོས་ལུགས་ཀྱི་དབུ་འཁྲིད་ལ་བརྩི་བཀུར་མེད་པ་བཅས་ཀྱི་རྐྱེན་པས་སཱེ་གྷོན་ནང་དུ་མི་དམངས་འཛིང་འཁྲུགས་ཀྱི་གཡོ་རླབས་དྲག་ཏུ་འཕྱོ་བ་དང་། སྤྱི་ལོ་༡༩༦༣ལོའི་ཟླ་བ་༥པའི་ནང་དྲག་གནོན་བྱས་པའི་རྐྱེན་གྱིས་གྱེན་ལངས་པ་དགུའི་ཚེ་སྲོག་ཤོར་བ་རེད། ནང་པ་ཚོས་འཁོན་ལན་སློག་ཆེད་དུ་སྐྱི་གཡའ་བའི་ངོ་རྒོལ་གྱི་རྣམ་པ་རྙིང་པ་སྟེ་དེ་སྔ་བེ་ཏི་ནམ་དང་རྒྱ་ནག་ནང་དུ་བྱུང་མྱོང་བའི་རང་ལུས་མེར་བསྲེགས་བྱེད་འགོ་བརྩམས་པ་རེད། སྤྱི་ལོ་༡༩༦༣ལོའི་ཟླ་བ་༦ཚེས་༡༠ལ་སཱེ་གྷོན་དུ་ཡོད་པའི་ཨ་རིའི་གསར་འགོད་པ་ཚོས་ཕྱི་ཉིན་ཁེམ་བྷོ་ཌི་ཡའི་གཞུང་ཚབ་ཁང་གི་མདུན་དུ་གནས་ཚུལ་ཡ་མཚན་ཞིག་ཡོང་རྒྱུ་ཡིན་པར་དོ་སྣང་བྱུང་ཡོད། ནང་པ་ཚོས་ས་ཆ་དེ་བདམ་ངེས་ཡིན་པའི་རྒྱུ་མཚན་ནི་བེ་ཏི་ནམ་ལྷོ་མ་དང་ཁེམ་བྷོ་ཌི་ཡ་གཉིས་ཀྱི་འབྲེལ་ལམ་གནས་སྟངས་ཡག་པོ་མེད་པས་སོ། ནང་པ་ཚོས་དུས་ཡུན་རིང་མོ་ནས་བཟུང་སྐབས་དེའི་སྲིད་དབང་ལ་གྱེན་ལོག་བྱེད་ཀྱི་ཡོད་པར་བརྟེན་གསར་འགོད་པ་ཉུང་ཤས་ལས་བསླེབས་མེད། དེ་དག་གི་ཁྲོད་ན་ནིའུ་ཡོག་གསར་ཤོག་(The New York Times)གི་གསར་འགོད་པ་ཌེ་བེ་ཌ་ཧཱེལ་བིས་ཏམ་(David Halberstam) དང་ལས་རོགས་པར་པ་མཱེལ་ཁོ་ལམ་སྦི་ར་འུན་(Malcolm W. Brown)གཉིས་བཅས་ཚུད་ཡོད།

ཧཱེལ་བིས་ཏམ་གྱིས་བརྗོད་པ་ལྟར་ན་སྤྱི་ལོ་༡༩༦༣ཟླ་བ་༦ཚེས་༡༡ཉིན་གྱི་ཞོགས་པ་ཆུ་ཚོད་བཅུ་པ་ལ་ནང་པའི་གྲྭ་པ་བརྒྱ་ཕྲག་ཁ་ཤས་ཀྱིས་སཱེ་གྷོན་མཆོད་རྟེན་དྲུང་ནས་བྲེལ་ཟིང་ཆེ་བའི་ལམ་མདོ་རུ་བསྐྱོད་ཡོད། ཨོ་སི་ཏིན་ཝེ་སི་ཊི་མིན་སི་ཏེར་(Austin Westminster)སྣུམ་འཁོར་སྔོན་པོ་ཆུང་ཆུང་ཞིག་གིས་རུ་སྒྲིག་གི་སྣེ་དྲངས་བཞིན་འདུག། ལམ་མདོ་རུ་བསླེབས་སྐབས་ཐཱེ་ཁ་ཁུན་གྷ་དུའུ་ཁ་སྣུམ་འཁོར་ལས་ཕྱིར་ཐོན་པ་དང་རོགས་པ་གྲྭ་པ་གཉིས་འདུག་ཅིང་། གྲྭ་པ་གཅིག་གིས་བསྙལ་གདན་ཞིག་ལམ་དུ་བཏིང་པ་དང་དེའི་ཐོག་ཏུ་དུའུ་ཁ་དཀྱིལ་ཀྲུང་བཅའ་ནས་བཞུགས་སོང་། གཞན་པ་དེས་ས་སྣུམ་གེལ་ལོན་ལྔ་(gallon གཅིག་ལ་ལི་ཊར་༣.༧༨མཉམ་པ།)དུའུ་ཁའི་སྟེང་དུ་བླུགས་སོང་། དུའུ་ཁས་དེ་ནས་བསམ་བློ་ལྷོད་ལ་བབ་པའི་ཆེད་དུ་ནང་པའི་སྔགས་ཐུང་ངུ་ཞིག་འདོན་རྗེས་ཁོང་གིས་འབར་ཞུན་གྱིས་མེ་སྤར་ཏེ་རང་ཉིད་མེ་རུ་སྒྲོན་སོང་ལ། ཁོང་ཉིད་དེ་མ་ཐག་མེ་རླབས་ཀྱིས་འཚིག་སོང་། ཕྱོགས་སུ་བལྟས་ཡོད་པའི་མི་རྣམས་ཀྱིས་འབོད་ཚིག་ལྷང་ལྷང་དུ་སྒྲོག་པ་དང་རེ་ཟུང་གིས་ངུས་ནས། ཁག་ཅིག་གིས་མེར་འབར་བཞིན་པའི་དགེ་འདུན་པ་དེར་གུས་འདུད་བྱས་ནས་འདུག སྐར་མ་བཅུ་ཙམ་གྱི་རྗེས་སུ་སྲོག་དང་བྲལ་བའི་ཕུང་པོ་དེ་སར་འགྱེལ་སོང་། མེར་འབར་སྐབས་གྲྭ་པ་གཅིག་གིས་སྒྲ་སྐྱེད་ཁ་པར་(microphone)ནང་ནས་དང་པོར་བེ་ཏི་ནམ་སྐད་དང་། དེ་ནས་དབྱིན་སྐད་ནང་ཡང་སྐྱར་ཡང་སྐྱར་“ནང་པའི་བླ་མ་གཅིག་གིས་རང་ལུས་མེར་བསྲེགས་ཏེ་སྲོག་བློས་གཏོང་གི་ཡོད་རེད། ནང་པའི་བླ་མ་གཅིག་ཞིང་གཤེགས་དཔའ་བོ་ཆགས་པ་རེད། ”ཅེས་འབོད་ཀྱིན་འདུག དེ་ནས་དགེ་འདུན་པ་དེ་ཚོས་དུའུ་ཁ་(Duc)ཡི་ཕུང་པོ་ལྷག་མ་རྣམས་སར་སྦེད་པར་ཁྱེར་སོང་། སྲོལ་རྒྱུན་ལྟར་ན་ཞུགས་འབུལ་བྱས་རྗེས་སྙིང་དེ་སྐྱོན་ཆག་མེད་པར་ལྷག་པས་དྲན་རྟེན་དུ་གུས་བཀུར་བྱེད་སྲོལ་ཡོད། དེར་བརྟེན་བེ་ཏི་ནམ་ཐེག་ཆེན་གྱི་ནང་པ་ཚོས་དུའུ་ཁ་ལ་སངས་རྒྱས་གོ་འཕང་ཐོབ་པའི་བྱང་ཆུབ་སེམས་དཔའ་བཞིན་གུས་བརྩི་བྱེད་ཀྱི་ཡོད་པ་རེད། (ནང་པ་གཞན་པ་མང་པོས་ཁོང་གི་རང་སྲེག་དེ་སངས་རྒྱས་ཀྱི་བཀའ་དང་འགལ་བར་ངོས་ལེན་བྱེད་ཀྱིན་མེད།) དུའུ་ཁ་ཡིས་ཞལ་ཆེམས་ཡི་གེའི་ནང་ཁོང་གིས་སྲིད་འཛིན་ཌི་ཡིམ་(Diem)ལ་གནོད་ཤུགས་སྤྲད་དེ་ཆོས་དད་རང་མོས་སྤྲོད་པའི་ཆེད། རང་ལུས་མེར་སྲེག་གཏང་རྒྱུའི་ཐག་བཅད་པ་ཡིན་ཞེས་པ་དང་། ཁོང་གིས་རང་ལུས་མེར་སྲེག་བཏང་བ་ནི་སངས་རྒྱས་བསྟན་པའི་ཆེད་དུ་བློས་བཏང་བྱས་པ་ཞིག་རེད་ཅེས་བྲིས་ཡོད། སྲིད་གཞུང་དེའི་མགོ་ཁྲིད་ཀྱིས་དོན་རྐྱེན་དེ་ནི་ཀེམ་པོ་ཌི་ཡ་(Cambodia)དང་། ས་གནས་དམར་ཕྱོགས་ཚོགས་མི་རྣམས་ཀྱིས་ཇུས་ངན་བཤམས་པ་ཞིག་རེད་ཅེས་བསྒྲགས་གཏམ་སྤེལ་ཡོད། དེ་རྗེས་སྤྱི་ལོ་ ༡༩༦༣ ཟླ་བ་ ༦ ཟླ་མཇུག་ཙམ་ལ་སྲིད་གཞུང་དེས་དུའུ་ཁ་ཡིས་རང་ལུས་མེར་སྲེག་མ་གཏང་གོང་བཟི་སྨན་ཟས་ཡོད་པར་གསལ་བསྒྲགས་བྱས་ཡོད། སྲིད་འཛིན་གྱི་ཆུང་མ་དེས་ཀྱང་ཁྲོང་ཁྲོའི་རྐྱེན་སློང་གིས་གཡོ་སྒྱུ་བྱས་ཏེ་ནེའུ་ཡོག་དུས་བབ་ལ་བཏང་པའི་ཡི་གེ་ཞིག་ནང་ “ངས་ད་དུང་གྲྭ་པ་གཞན་དག་ཚོས་མེར་སྲེག་སྟོན་མོ་བཤམས་པར་བལྟ་ནས་ཐལ་མོ་རྡབ་ཆོག”ཅེས་བྲིས་ཡོད་པ་རེད། དེ་རྗེས་ཀྱི་བདུན་ཕྲག་རྣམས་སུ་ཡང་ཆོས་ལུགས་ཀྱི་དཀའ་ངལ་དེ་མ་བསལ་བས། སྤྱི་ལོ་ ༡༩༦༣ ཟླ་བ་ ༨ ནང་སླར་ཡང་དགེ་འདུན་པ་གསུམ་གྱིས་རང་ལུས་མེར་སྲེག་བཏང་བ་རེད། མཐའ་མར་སྲིད་འཛིན་ཌི་ཡིམ་(Diem)ལ་ཨ་རིའི་རྒྱབ་སྐྱོབ་མ་རག་པར་གོ་གནས་ཕབས་ཏེ། ༡༩༦༣ ཟླ་བ་ ༡༡ ཚེས་ ༢ཉིན་བཀྲོངས་པ་རེད།

དུའུ་ཁ་ཡི་ངོ་རྒོལ་དེས་ལྷོ་བེ་ཏི་ནམ་ནང་གཅིག་པུ་མིན་པར་རྒྱལ་ཁབ་གཞན་དག་ལ་ཡང་གཡོ་འགུལ་ཤུགས་ཆེན་ཐེབས་པ་རེད། ཨ་རིའི་གསར་འགོད་པ་དེར་རྗེས་སུ་ཡི་རངས་ཞུ། བྷ་རོན་(Brown)གྱིས་བླངས་པའི་རང་ལུས་མེར་སྲེག་བཏང་བའི་འདྲ་པར་དེར་ ༡༩༦༣ ལོའི་འཛམ་གླིང་གསར་ལམ་འདྲ་པར་གྱི་བྱ་དགའ་ཐོབ་པ་རེད་ལ། བྷ་རོན་རང་ཉིད་ལ་ ༡༩༦༤ ལོར་གསར་འགོད་པའི་བྱ་དགའ་(Pulitzer prize)ཐོབ་པ་རེད། ལྷོ་བེ་ཏི་ནམ་ནང་གི་རང་ལུས་མེར་སྲེག་དེ་ཨ་རི་བཙན་རྒྱལ་རིང་ལུགས་ལ་འཐབ་རྩོད་ཀྱི་ཆ་ཤས་ཤིག་ཡིན་པར་འགྲེལ་བརྗོད་བྱས་ཏེ། དམར་ཤོག་རྒྱལ་ཁབ་ཚོའི་གཞུང་འབྲེལ་གསར་ལམ་ཁག་ཏུ་ཡང་ཡང་ཐོན་ཡོད་པ་རེད། ཡིད་མ་ཆེས་པ་ཞིག་ལ་ཆབ་སྲིད་ངོ་རྒོལ་གྱི་ངོ་བོ་དེས་ཨུ་རུ་སུ་མཐུན་ཤོག་(Soviet bloc)ནང་དུ་མི་མང་པོ་ཞིག་ལ་སེམས་སྐུལ་ཐེབས་པ་རེད། དེང་སྐབས་བེ་ཏི་ནམ་གྱི་ཧོ་ཆི་མིན་གྲོང་ཁྱེར་(Ho Chi Minh City)གྱི་རྒྱལ་སའི་(དེ་སྔོན་ས་ཡི་གྷོནSaigon)ནང་གི་སྲང་ལམ་ཞིག་ལ་ཐཱ་ཆི་ཞེས་པའི་མིང་བཏགས་ཡོད་པ་རེད། ཁོང་གིས་རང་ལུས་མེར་སྲེག་ངོ་རྒོལ་བྱས་ས་དེ་ནས་མི་རིང་ས་ན་རྗེས་དྲན་གྱི་སྐུ་འདྲ་ཞིག་བཞེངས་ཡོད་པ་རེད།

>>>

BIGGS, Michael: Dying without Killing. Self-Immolations, 1963–2002, In: GAMBETTA, Diego (ed.): Making Sense of Suicide Missions. Oxford University Press, Oxford 2005, s. 173–208, 320–324, dostupné on-line: http://users.ox.ac.uk/~sfos0060/immolation.pdf (ověřeno 8. 7. 2011)

BRADLEY, Mark: Vietnam and war. Oxford University Press, New York 2009.

HALBERSTAM, David: The Making of a Quagmire. Random House, New York 1965.

GUNN, Jeremy T.: Spiritual weapons. The Cold War and the Forging of an American National Religion. Praeger Publishers, Westport 2009.

IČO, Ján – HLAVATÁ, Lucie – STRAŠÁKOVÁ, Mária – KARLOVÁ, Petra: Dějiny Vietnamu. Nakladatelství Lidové noviny, Praha 2008.

JACOBS, Seth: Cold war mandarin. Ngo Dinh Diem and the origins of America's war in Vietnam, 1950–1963. Rowman & Littlefield Publishers, Inc., Maryland 2006.

KEOWN, Damien: Buddhist ethics. A very short introduction. Oxford University Press, New York 2005.

MONESTIER, Martin: Dějiny sebevražd. Dějiny, techniky a zvláštnosti dobrovolné smrti. Dybbuk, Praha 2003.

WILSON, Liz (ed.): The living and the dead. Social dimensions of death in South Asian religions. State University of New York, New York 2003.