རིག་འཛིན་ཕུན་ཚོགས།
༢༠༡༡ལོའི་སྤྱི་ཟླ་གསུམ་པའི་ཚེས་བཅུ་བདུན། རྔ་བ།
“དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་དུ་བོད་པ་རྣམས་རང་ལུས་མེར་བསྲེགས་བྱེད་དོན་ནི་འཛམ་གླིང་མི་མང་ལ་ཁོ་ཚོའི་སྡུག་བསྔལ་ཤེས་སུ་འཇུག་པའི་ཆེད་དུ་རེད། དེར་མ་ཟད་འཛམ་གླིང་མི་མང་ལ་ཁོ་ཚོ་ལ་འགྲོ་བ་མིའི་ཐོབ་ཐང་མེད་པ་ཤེས་སུ་འཇུག་པའི་ཆེད་དུ་རེད། ཁྱེད་རྣམས་ལ་གཞན་གྱི་ཚོར་བ་ལ་བསམ་ཤེས་བྱེད་པའི་ནུས་པ་ལྡན་ཚེ་བོད་པ་རྣམས་ལ་རྒྱབ་སྐྱོར་གནང་རོགས”
---འཇམ་དཔལ་ཡེ་ཤེས།(༢༠༡༢སྤྱི་ཟླ་གསུམ་པའི་ཚེས༡༦) (ཁ་ཆེམས་འདི་དབྱིན་འགྱུར་དེར་གཞི་བཅོལ་ཡོད།---སྒྱུར་པ་པོའི་མཆན)
རང་ལོ་ཉི་ཤུར་སོན་པའི་ནང་པའི་གྲྭ་བ་མཚན་ལ་ཕུན་ཚོགས་ཞུ་བ་ཞིག༢༠༡༡ལོའི་སྤྱི་ཟླ་གསུམ་པའི་ཚེས༡༦ཉིན་རྒྱ་ནག་གིས་བོད་ལ་དབང་བསྒྱུར་བར་ངོ་རྒོལ་བྱས་ཏེ་རང་ལུས་མེར་བསྲེགས་གནང་ཡོད་པ་རེད། ཁོང་གི་མཛད་སྤྱོད་དེས་འཛམ་གླིང་གི་ལོ་རྒྱུས་སུ་ཆེས་རྒྱུན་རིང་བའི་རང་ལུས་མེར་བསྲེགས་ཀྱི་རླབས་དེ་འཁྱོམ་པར་བྱས་ཡོད།
རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ཆེས་མང་པོ་ཞིག་རྒྱ་ནག་གིས་༡༩༥༠ནས་བཟུང་བོད་ལ་དབང་བསྒྱུར་བྱས་པ་དང་འབྲེལ་བ་ཡོད། ༢༠༠༨ལོའི་སྤྱི་ཟླ་གསུམ་པར་ཆོས་དང་རིག་གནས་བཤུ་གཞོག་གཏོང་བར་ངོ་རྒོལ་བྱས་ཏེ་རྔམ་སྟོན་ཁྲོམ་སྐོར་བྱས་པ་དེར་རྒྱའི་ཉེན་རྟོག་པས་གདུག་རྩུབ་ཆེན་པོས་དྲག་གནོན་བྱས་པ་རེད། རྔམ་སྟོན་ཁྲོམ་སྐོར་དུ་ཞུགས་མཁན་ཕལ་ཆེ་བ་བོད་པ་གཞོན་སྐྱེས་རྣམས་ཡིན། དེ་དག་ལས་ཉུང་མཐར་མི་བཅུ་གསུམ་ཙམ་རྐྱེན་ལམ་དུ་བཏང་ཟིན། དོན་རྐྱེན་དེ་བྱུང་ནས་ལོ་གསུམ་འཁོར་བའི་དུས་དྲན་ཏེ༢༠༡༡ལོའི་སྤྱི་ཟླ་གསུམ་པའི་ཚེས་༡༦ཉིན་ཀིརྟི་གྲྭ་ཚང་(སི་ཁྲོན་ཞིང་ཆེན)གི་གྲྭ་ཕུན་ཚོགས་ཞུ་བ་ལོ་ན་ཉི་ཤུར་སོན་པ་ཞིག་གིས་རྒྱ་ནག་གིས་བོད་ལ་དབང་བསྒྱུར་བྱེད་པར་ངོ་རྒོལ་བྱས་ཏེ་རང་ལུས་མེར་བསྲེགས་གནང་ཡོད་པ་རེད། ཁོང་གིས་ཁོང་གི་དགོན་པའི་ཉེ་འགྲམ་གྱི་གྲོང་རྡལ་རྔ་བའི་ནང་དུ་ནང་པ་ཚོས་རྔམ་སྟོན་ཁྲོམ་སྐོར་བྱེད་སྐབས་སྐུ་ལུས་མེར་བསྲེགས་གནང་ཡོད་འདུག དོན་རྐྱེན་དེ་དངོས་སུ་མཐོང་མཁན་ཚོས་བཤད་པ་ལྟར་ན་ཁོང་གིས་རང་ལུས་མེར་བསྲེགས་གནང་དུས་༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས་ཞེས་སྐད་འབོད་གནང་ཡོད་འདུག རྗེས་སུ་ཁོང་ཕྱིར་དགོན་པར་ཁུར་ཡོད་འདུག་ལ་དེ་རྗེས་སྨན་ཁང་ཞིག་ཏུ་བསྟེན་གཏུགས་བྱས་ཡོད་འདུག དོན་རྐྱེན་གཞན་པ་དག་དང་འདྲ་བར་ད་བར་འདིའི་སྐོར་ཡང་རྒྱས་པ་ཤེས་རྟོགས་བྱུང་མེད།
རྒྱ་གཞུང་གིས་ཕུན་ཚོགས་ཀྱི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ལ་ལན་ལྡོན་པ་ནི་གདུག་རྩུབ་ཅན་ཞིག་རེད། ས་ཁུལ་ཡོངས་རྫོགས་དམག་མིས་བསྐོར་ཏེ། དགོན་པར་གྲྭ་བ་གཅིག་ཀྱང་མ་བཞག་པར་ས་ཆ་གཞན་དུ་གནས་སྤོ་བཅུག་ཡོད། རྗེས་སུ་ཀིརྟི་དགོན་གྱི་གྲྭ་བ་འགའ་འཇུས་ཏེ་ཕུན་ཚོགས་འདས་གྲོངས་སུ་གྱུར་པ་དང་འབྲེལ་བ་ཡོད་ཚུལ་བསྙད་ནས་དུས་ཡུན་རིང་པོར་བཙོན་འཇུག་བྱས་ཡོད་པ་རེད། དེར་མ་ཟད་ཁོང་རྣམས་ལ་ཕུན་ཚོགས་སྨན་ཁང་ལས་བཏོན་ཏེ་དགོན་པར་སྦས་པ་དང་དེར་ཁོང་གྲོངས་བཅུག་ཡོད་ལུགས་ཀྱི་མ་ཉེས་ཁ་གཡོགས་ཀྱང་བྱས་ཡོད། དྲག་གནོན་དེར་བོད་པ་རྣམས་ཀྱིས་ངོ་རྒོལ་མཚམས་མེད་པར་བྱས་པར་མ་ཟད་འཛམ་གླིང་གི་ལོ་རྒྱུས་སུ་ཆེས་རྒྱུན་རིང་བའི་རང་ལུས་མེར་བསྲེགས་ཀྱི་རླབས་ཤིག་ཀྱང་འཁྱོམ་པར་བྱས་ཡོད། བོད་མི་བཙན་བྱོལ་བ་རྣམས་ཀྱིས་བཤད་པ་ལྟར་ན་༢༠༡༡ལོ་ནས་བཟུང་༢༠༡༢ལོའི་སྤྱི་ཟླ་བཅུ་གཅིག་བར་དུ་མི་དགུ་བཅུ་(དེ་དག་ལས༧༨སྐྱེས་པ་དང༡༢བུད་མེད་ཡིན་འདུག ཕལ་ཆེ་བ་གྲྭ་བཙུན་ཡིན་འདུག)ཙམ་གྱིས་རང་ལུས་མེར་བསྲེགས་གནང་ཡོད་འདུག འགའ་ཞིག་གིས་ཚོགས་ཁག་བྱས་ཏེ་ངོ་རྒོལ་བྱས་པའང་ཡོད་པ་དཔེར་ན༢༠༡༢ལོའི་སྤྱི་ཟླ་བཅུ་གཅིག་པའི་ཚེས༧ཉིན་ཕུན་ཚོགས་ཡོད་སའི་ས་ཁུལ་ཏེ་སི་ཁྲོན་ཁུལ་གྱི་གྲྭ་བ་གསུམ་གྱིས་རྒྱ་ནག་གི་དམར་ཤོག་ཚོགས་པའི་འདུ་ཚོགས་ཀྱི་སྔ་ཉིན་ལ་དམིགས་ནས་རང་ལུས་མེར་བསྲེགས་གནང་ཡོད་པ་རེད།
རང་ལུས་མེར་བསྲེགས་དང་པོ་དེ་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ལོག་ཏུ་བྱུང་ཡོད་ནའང༢༠༡༢ལོའི་སྤྱི་ཟླ་ལྔ་བའི་ཚེས༢༧ཉིན་ནང་པའི་གྲྭ་བ་གཉིས་ཀྱིས་ལྷ་སར་ཆགས་པའི་བོད་ཀྱི་ལྷ་ཁང་གཙོ་གྲས་ཇོ་ཁང་གི་མདུན་དུ་རང་ལུས་མེར་བསྲེགས་གནང་ཡོད་པ་རེད།
ད་དུང་ཤིན་ཏུ་ཛ་དྲག་པའི་དོན་རྐྱེན་ཞིག་རྒྱ་ནག་གི་ཕྱི་ལོག་ཏུ་བྱུང་ཡོད། ༢༠༡༢ལོའི་སྤྱི་ཟླ་གསུམ་པའི་ཚེས༡༦ཉིན་ཏེ་ཕུན་ཚོགས་འདས་གྲོངས་སུ་གྱུར་པའི་ལོ་འཁོར་དུས་དྲན་དུ་ལོ་ན་ཉི་ཤུ་རྩ་བདུན་སོན་པའི་གཞོན་སྐྱེས་མཚན་ལ་འཇམ་དཔལ་ཡེ་ཤེས་ཞུ་བ་ཞིག་རྒྱ་གར་གྱི་རྒྱལ་ས་རྡི་ལི་རུ་རང་ལུས་མེར་བསྲེགས་གནང་ཡོད་པ་རེད། ཁོང་གིས་རྒྱ་ནག་གི་སྲིད་འཛིན་རྒྱ་གར་དུ་ཡོང་སྐབས་བོད་པ་རྣམས་ཀྱིས་ངོ་རྒོལ་བྱས་པ་དེར་སྟབས་བསྟུན་ནས་རང་ལུས་མེར་བསྲེགས་གནང་ཡོད་འདུག རྒྱ་ནག་གཞུང་གིས་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་འདི་བརྒྱུད་སྐུལ་བྱེད་མཁན་ཏཱ་ལའི་བླ་མ་མཆོག་ཡིན་ཚུལ་བཤད་ཀྱིན་ཡོད་ཀྱང་ཁོང་གིས་སྐྱོན་བརྗོད་དེ་ངོས་ལེན་བྱས་མེད། རྒྱ་གར་དུ་སྐྱབས་བཅོལ་བར་གནས་པའི་བོད་ཀྱི་ཆོས་ཀྱི་དབུ་ཁྲིད་ཁོང་གིས་བོད་པ་འདི་རྣམས་ཀྱི་བློ་ཁོག་ལ་ཡི་རང་ཡོད་ཀྱང་རང་ལུས་མེར་བསྲེགས་བྱས་པ་དེས་རྒྱ་ནག་གི་དྲག་གནོན་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་ཚུལ་ནན་བཤད་གནང་ཡོད།
>>>
Self-Immolations in Tibet (Sebeupálení v Tibetu), http://www.savetibet.org/resource-center/maps-data-fact-sheets/self-immolation-fact-sheet (ověřeno 1. 12. 2012)
Full list of self-immolations in Tibet (Úplný seznam sebeupálení v Tibetu), http://www.freetibet.org/news-media/na/full-list-self-immolations-tibet (ověřeno 1. 12. 2012)