རོ་མཱས་ཀ་ལན་ཊ།
༡༩༥༣ལོའི་ཟླ་གཉིས་པའི་ཚེས་ཉེར་གཉིས། ལི་ཐུ་ཨ་ནི་ཡའི་(Lithuania)ཨ་ལི་ཊུས། (Alytus)
༡༩༧༢ལོའི་ཟླ་ལྔ་བའི་ཚེས་བཅོ་ལྔ། ལི་ཐུ་ཨ་ནི་ཡའི་ཀའུ་ནཱས།(Kaunas)
“གཅིག་སྡུད་རིང་ལུགས་པའི་སྲིད་གཞུང་ལ་ང་ཤི་རུ་བཅུག་པའི་ནག་ཉེས་འཛུགས་རོགས།” རོ་མཱས་ཀ་ལན་ཊ། ༡༩༧༢ལོའི་ཟླ་ལྔ་བའི་ཚེས་བཅུ་བཞི།
རོ་མཱས་ཀ་ལན་ཊ།
༡༩༧༢ལོའི་ཟླ་ལྔ་བའི་ཚེས་བཅུ་བཞི་ཉིན་རང་ལོ་བཅུ་དགུར་སོན་ཞིང་། མཚན་ལ་རོ་མཱས་ཀ་ལན་ཊ་ཞུ་བའི་ལས་མི་ཞིག་སོ་ཝེ་ཏ་ཡིས་ལི་ཐུ་ཨ་ནི་ཡར་བཙན་འཛུལ་བྱས་པར་ངོ་རྒོལ་བྱ་ཆེད་རང་ལུས་ལ་ས་སྣུམ་བླུགས་ནས་མེར་བསྲེགས་བཏང་ཡོད་པ་རེད།
རོ་མཱས་ཀ་ལན་ཊ་ལགས ༡༩༥༣ ལོའི་ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན་བཟོ་བའི་གྲལ་རིམ་གྱི་ཁྱིམ་ཚང་ཞིག་ཏུ་འཁྲུངས། ཁོང་གི་ཨ་ཕ་ནི་སོ་ཝེ་ཏའི་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པར་མ་ཟད། དམར་ཤོག་ཚོགས་པའི་ཚོགས་མི་ཡིན་ལ། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་བྱས་རྗེས་ཅན་གྱི་དམག་མི་ཞིག་ཀྱང་ཡིན། ཁོང་གི་ཨ་མ་ནི་དེ་ལས་ལྡོག་སྟེ་ཆོས་དད་ཅན་ཞིག་ཡིན་ཞིང་། རང་གི་ཕྲུ་གུ་རྣམས་ཁེ་ལོ་ལིག་སྲོལ་རྒྱུན་དང་མཐུན་པར་བསྐྱེད་བསྲིངས་བྱས། རོ་མཱས་ལགས་ཀའུ་ནཱས་ལ་འབྲིང་རིམ་སློབ་གྲྭ་འགྲིམས། ཁོང་རྒྱུན་དུ་སྒྲུང་དེབ་བཀླག་རྒྱུ་དང་། སྙན་ངག་བྲི་རྒྱུ། སྒྲ་སྙན་བསྒྲག་རྒྱུ། གྲོགས་པོ་ཚོ་དང་མཉམ་དུ་ཧི་པི་ལས་འགུལ་ལ་ཞུགས་རྒྱུ་བཅས་ལ་དགའ། ཧི་པི་ལས་འགུལ་ལ་ལི་ཐུ་ནི་ཡའི་གཞོན་སྐྱེས་རྣམས་ཀྱི་ཁྲོད་ནས་ཚུར་སྣང་ཆེན་པོ་བྱུང་། ཁོང་རི་མོ་བྲི་རྒྱུ་ལའང་དགའ་ཞིང་། ཁོང་གི་རི་མོའི་བརྗོད་གཞི་མང་ཆེ་བ་ཀོ་རུ་ཁ་དང་། མེ། སྡུག་བསྔལ་གྱིས་མནར་བཞིན་པའི་མི་མང་བཅས་ཡིན་པ་རེད།
༡༩༧༡ལོར་ཀ་ལཱན་ཊ་ལགས་ཀྱིས་རྒྱལ་རབས་འཛིན་གྲྭའི་གཏམ་བཤད་ཅིག་གི་སྐབས་སུ་མར་ཁེ་སིའི་རིང་ལུགས་ལ་སྐྱོན་བརྗོད་བྱས་པས། འབྲིང་རིམ་སློབ་གྲྭའི་འཛིན་སྐྱོང་དང་རྩོད་ཉོག་ཅིག་གི་ནང་ལྷུང་། ཁོང་གིས་ཀའུ་ནཱས་ལ་ཡོད་པའི་ཁེ་ཐོ་ལིག་ཡེ་ཤུའི་ཆོས་པའི་སློབ་གྲྭར་ཞུགས་རྒྱུའི་འཆར་གཞི་ཡང་བསྒྲིགས། མཐའ་མར་ཁོང་གཞོན་ནུའི་དམར་ཤོག་རུ་ཁག་ནས་ཕྱིར་འབུད་བཏང་ཞིང་། སློབ་གྲྭ་ཡང་མཐར་ཕྱིན་མ་ཐུབ་པས་ཕྱི་དྲོའི་འཛིན་གྲྭ་བླངས་ཏེ་བཟོ་གྲྭ་ཞིག་ལ་ལས་ཀ་བྱ་མགོ་མརྩམས།
ཀ་ལཱན་ཊ་ལགས་ཀྱིས་རང་ལུས་མེར་བསྲེགས་བྱ་རྒྱུའི་བསམ་བློ་དེ་ཡཱན་པ་ལ་ཁ་ལགས་ཀྱི་བྱ་སྤྱོད་ལ་བརྟེན་ནས་འཁོར་བ་ཡིན་སྲིད་པ་རེད། རྒྱལ་སྤྱིའི་རླུང་འཕྲིན་ཁང་གི་བཀའ་དྲིན་འོག་སྐབས་དེར་ལི་ཐུ་ཨ་ནི་ཡ་རུ་ཡཱན་པ་ལ་ཁའི་སྐོར་ཤེས་རྟོགས་བྱུང་ཡོད། ༡༩༧༢ལོའི་ཟླ་ལྔ་བའི་ཚེས་བཅུ་བཞིའི་ཉིན་རྒྱབ་ཆུ་ཚོད་བཅུ་གཉིས་དང་ཕྱེད་ཙམ་ལ་ཀ་ལཱན་ཊ་ལགས་ས་གནས་དེའི་གཞོན་སྐྱེས་རྣམས་འདུ་འཛོམས་བྱ་སའི་ཆུ་མིག་དེའི་འགྲམ་གྱི་ལམ་ཆེན་ལཱས་ཝེ་ས་ཨ་ལེ་རྗ(Laisves Aleja)ཡོང་། ཆུ་མིག་དེ་ནི་རྒྱལ་ཡོངས་རོལ་དབྱངས་ཁང་གི་མདུན་དང་སོ་ཝེ་ཏ་ལྷན་ཚོགས་ཀྱི་ཁང་ཆེན་གྱི་ཁ་གཏད་དུ་གནས་ཡོད། ཀ་ལཱན་ཊ་ལགས་ཡོང་ཁར་ས་སྣུམ་འགྱིག་དམ་གསུམ་ཁུར་ཞིང་། དེ་གསུམ་པོ་ཁོང་གི་གཟུགས་པོར་བླུགས་རྗེས་མེར་བསྲེགས་བཏང་ཡོད་པ་རེད། སྐབས་དེར་དངོས་སུ་མཐོང་མཁན་རྣམས་ལྟར་ན་ཁོང་གིས་“ལི་ཐུ་ཨ་ནི་ཨ་ལ་རང་དབང་དགོས་”ཞེས་སྐད་འབོད་བྱས་ཡོད་ལ། ཆུ་མིག་དེའི་ཉེ་འགྲམ་ནས་“གཅིག་སྡུད་ཀྱི་སྲིད་གཞུང་ལ་ང་ཤི་རུ་བཅུག་པའི་ནག་ཉེས་འཛུགས་རོགས།”ཞེས་འཁོད་པའི་འབྲི་དེབ་ཅིག་རྙེད་སོན་བྱུང་། ཀ་ལཱན་ཊ་ལགས་ཀྱི་གཟུགས་པོ་བརྒྱ་ཆ་དགུ་ཅུ་མེས་འཚིག་ཡོད་ཅིང་། སྨན་ཁང་དུ་ཁུར་དུས་ནས་དྲན་པ་འཐོར་ཟིན། དེའི་ཕྱི་ཉིན་དེར་ཁོང་གྲོངས།
གཞུང་གིས་ཁོང་གི་ནང་མི་ལ་དུར་འཇུག་གི་ཆོ་ག་དངོས་སུ་ཁྱབ་བསྒྲགས་མ་བྱས་གོང་གི་ཆུ་ཚོད་གཉིས་ཙམ་ནས་བྱ་དགོས་པའི་བཀའ་བཏང་། (གཅིག་སྟོང་དགུ་བརྒྱ་བརྒྱད་ཅུ་གྱ་གཉིས་ལོའི་བར་དུ་དུར་བྱང་བསླངས་བཅུག་མེད།) དེས་གཞོན་སྐྱེས་ཚོའི་ཁྲོད་དུ་ཁོང་ཁྲོའི་རླབས་ཞིག་འཁྱོམ་པར་བྱས་ཏེ་དུར་འཇུག་གི་ཆོ་ག་དེ་སོ་ཝེ་ཏའི་གཞུང་ལ་ཁ་གཏད་པའི་ཡར་ལངས་ཀྱི་ལས་འགུལ་དུ་གྱུར་ཅིང་། ལས་འགུལ་དེ་ཉིན་གཉིས་ཙམ་ལ་མཚམས་མ་ཆད། མཐར་དྲག་གནོན་བྱ་དགོས་བྱུང་། ཁྱོན་བསྡོམས་པས་མི་བཞི་བརྒྱ་གཉིས་ཙམ་འཇུ་བཟུང་བྱས་ཤིང་། རྗེས་སུ་དེ་དག་ལས་མི་བདུན་ལ་ “མི་ངན་གྱི་བྱ་བ་”བྱས་མིན་བརྟག་དཔྱད་ཙམ་ཡང་མེད་པར་ལོ་གསུམ་གྱི་བཙན་འཇུག་ཁྲིམས་ཐག་བཅད། དེ་དག་ལས་བརྒྱ་ཕྲག་ཙམ་སློབ་གྲྭ་དང་ལས་གནས་ལས་ཕྱིར་འབུད་བཏང་། ཝིལ་ནི་ཨུས་མངའ་སྡེ་སྲུང་སྐྱོབ་ཁང་གི་ཞུ་ཡིག་ཏུ་འཁོད་པ་ལྟར་ན་དེ་རྗེས་ཀྱི་ཟླ་བ་འགའི་རིང་ལི་ཐུ་ཨ་ནི་ཨ་རུ་མི་བཅུ་གསུམ་ཙམ་གྱིས་ཀ་ལཱན་ཊའི་རྗེས་སུ་འབྲངས་ནས་རང་ལུས་མེར་བསྲེགས་བྱས་ཡོད་འདུག
ཆིག་སྟོང་དགུ་བརྒྱ་བདུན་ཅུ་དོན་གཉིས་ལོའི་སྤྱི་ཟླ་དྲུག་པར་ལི་ཐུ་ཨ་ནི་ཨའི་ཚགས་པར་དུ་སྨན་པའི་ལྷན་ཚོགས་ཡིན་ཟེར་བའི་ཚོགས་པ་ཞིག་གིས་ཀ་ལཱན་ཊ་རིག་ཚོར་མི་ཟིན་པའི་མི་ཞིག་ཡིན་ཚུལ་གྱི་གནས་ཚུལ་ཞིག་བཀོད། ཁོང་གི་གཞོན་ནུའི་དམར་ཤོག་མཐུན་ཚོགས་ཀྱི་ཚོགས་མིའི་ཐོབ་ཐང་ཀྱང་ཕྱིར་སྤྲད། ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་གྱ་དགུའི་ལོར་ད་གཟོད་གཞུང་གིས་ཐག་གཅོད་དེར་གཞིར་བཟུང་ནས་སྨན་པའི་ལྷན་ཚོགས་གསར་བ་ཞིག་བཙུགས་ཤིང་། དེས་ལྡོག་ཕྱོགས་ཀྱི་ཐག་གཅོད་བྱས། ཚོགས་པ་དེས་ཀ་ལཱན་ཊ་ལགས་རང་ལུས་མེར་བསྲེགས་མ་བྱས་གོང་དུ་རིག་ཚོར་ཟིན་ལ་ཁོང་སེམས་ཁམས་སྐྱོན་ཅན་རེད་ཟེར་བ་བདེན་པ་མ་རེད་ཅེས་བརྗོད་ཡོད། ཁོང་གི་བྱ་སྤྱོད་འདིའི་ཐོག་དེབ་འགའ་ཞིག་བྲིས་ཡོད་ཅིང་། ཆིག་སྟོང་དགུ་བརྒྱ་དགུ་ཅུ་གོ་དགུའི་ལོར་བྱ་འགུལ་འདི་རྣམས་ཀྱི་སྐོར་ལ་དངོས་བྱུང་གློག་བརྙན་ཞིག་བཟོས་ཡོད། ༢༠༠༠ ལོའི་ཟླ་དྲུག་པའི་ཚེས་བཞི་ཉིན་ཀ་ལཱན་ཊ་ལགས་ལ་ལི་ཐུ་ཨ་ནི་ཨའི་སྲིད་འཛིན་ཝལ་ཌཱས་ཨ་ཌམ་ཀུས་ལགས་ཀྱིས་འདས་རྗེས་ཀྱི་ཆེ་བསྟོད་གཟེངས་རྟགས་ཕུལ། ༢༠༠༢ ལོའི་ཟླ་བདུན་པའི་ཚེས་བཞི་ཉིན་ཁོང་གིས་ངོ་རྒོལ་གནང་སའི་ས་ཆ་དེར་དྲན་གསོའི་བྱང་བུ་ཞིག་བསླངས་ཡོད།
>>>
BIGGS, Michael: Dying without Killing. Self-Immolations, 1963–2002, In: GAMBETTA, Diego (ed.): Making Sense of Suicide Missions. Oxford University Press, Oxford 2005, s. 173–208, 320–324, dostupné on-line: http://users.ox.ac.uk/~sfos0060/immolation.pdf (ověřeno 8. 7. 2011)
EGIDIJUS, Aleksandravičius – KASTYTIS, Antanaitis: Romo Kalantos auka. 1972 metų Kauno pavasaris. Baltos Lankos, Vilnius 2002.
KAMIŃSKI, Łuskaz: První živá pochodeň ve východním bloku. Ryszard Siwiec (1909–1968), In: BLAŽEK, Petr – EICHLER, Patrik – JAREŠ, Jakub a kol: Jan Palach ´69. FF UK – ÚSTR – Togga, Praha 2009, s. 115–127.
LAUBE, Roman: Kaunaské jaro 1972 a oběť Romase Kalanty, In: Navýchod, č. 1 (2009), dostupné na stránce http://navychod.cz/articles.php?id=f486f146-ad18-11df-aa30-00304830bcc4 (ověřeno 13. 7. 2011).
VOSYLYTÉ, Jüraté: Romas Kalanta, In: kol. autorů: Słownik dysydentów. Czołowe postacie ruchów opozycyjnych w krajach komunisticznych w latach 1956–1989. Tom II. Karta, Warszawa 2007, s. 252–253.
Filmové dokumenty
Fontano vaikai (Dětská fontána), rež. Raimundas Banionis a Andrius Šiuša, 1999, Litva.