ཡོ་སེབ་ཧ་ལ་ཝ་ཊི།
༡༩༤༣ ལོའི་སྤྱི་ཟླ་བཅུ་གཉིས་པའི་ཚེས་བཞི། ཀ་རི་མ་ཨི་སི་རུ།
༡༩༦༩ སྤྱི་ཟླ་དང་པོའི་ཚེས་ཉེར་ལྔ། པིལ་སེན་དུ།
“ཁོང་གི་གཟུགས་པའི་གནས་སྟངས་ཡག་པོ་མི་འདུག སྐུ་ཞབས་ལ་ཝ་ཊི་ལགས་སྨན་ཁང་དུ་སྤོ་དུས་རང་གི་མཚན་དང་སྡོད་གནས་ཁ་བྱང་ལས་གང་ཡང་གསུང་གི་མི་འདུག སྨན་པས་ཁོང་ལ་ཅིའི་ཕྱིར་རང་ལུས་མེར་བསྲེགས་གནང་བའི་སྐོར་འདྲི་དུས། ཁོང་གིས་དེ་ནི་ཁོང་ཨུ་རུ་སུ་ལ་མི་དགའ་བས་ཁོ་ཚོར་ངོ་རྒོལ་བྱ་ཕྱིར་ཡིན་ཚུལ་གསུངས་གནང་ཡོད།”
༡༩༦༩ ལོའི་སྤྱི་ཟླ་དང་པོའི་ཚེས་ཉེར་གཅིག་ཉིན VB ཡར་ཞུའི་ཡི་གེ་ཞིག་ལས།
༡༩༦༩ ལོའི་ཟླ་བ་དང་པོའི་ཚེས་ཉི་ཤུ་ཉིན་མཚན་ལ་ཡོ་སེབ་ཧ་ལ་ཝ་ཊི་ཞུ་ཞིང་ལས་གནས་གོང་བ་སྔོན་པོ་འཚེམ་བཟོ་མཁན་ཡིན་པའི་གཞོན་ནུ་ལོ་ཉེར་ལྔ་སོན་པ་ཞིག་རང་གི་གཟུགས་པོར་ས་སྣུམ་བླུགས་ནས་རང་ལུས་མེར་བསྲེགས་གནང་ཡོད་པ་རེད། ཉིན་ལྔའི་རྗེས་སུ་ཡཱན་པོ་ལ་ཁའི་རྗེས་འཇུག་པ་དང་པོ་འདི་སྨན་ཁང་དུ་སྐུ་གྲོངས་ཡོད་འདུག
ཡིད་རྟོན་རུང་བའི་ཅེགའི་ཟིན་ཐོ་ཞིག་གི་ནང ༡༩༦༩ ལོའི་སྤྱི་ཟླ་དང་པོའི་ཚེས་ ༡༦ ནས་ཚེས་༣༡ བར་དུ་རང་ལུས་མེར་བསྲེགས་ཀྱི་སྦྱོར་བ་རྩོམ་མཁན་བཅུ་ཙམ་གྱི་མིང་ཐོ་འཁོད་ཅིང་། དེ་དག་ལས་གཉིས་གྲོངས་ཟིན་ཡོད་འདུག དེ་གཉིས་ལས་གཅིག་ཡཱན་པོ་ལ་ཁ་དང་གཞན་དེ་པིལ་སེན་ནང་གི་ཅེག་སི་ལོ་ཝ་ཀའི་རྒྱལ་ཡོངས་དངུལ་ཁང་གི་ཉེ་འགྲམ་དུ་ཡོད་པའི་དྷུ་ཀེལ་ས་ཀེ་བཞི་མདོ་(དེང་སང་ T. G. Masarykབཞི་མདོར་འབོད།) རུ ༡༩༦༩ ལོའི་སྤྱི་ཟླ་དགུ་བའི་ཚེས་ཉི་ཤུའི་དགོང་མོའི་ཆུ་ཚོད་བརྒྱད་པའི་གཡས་གཡོན་དུ་རང་ལུས་མེར་བསྲེགས་གནང་མཁན་གྱི་ཡོ་སེབ་ཧ་ལ་ཝ་ཊི་ལགས་རེད། ལམ་འགྲུལ་བ་འགས་ཁོང་གི་སྐུ་གཟུགས་ཀྱི་མེ་བསྲེགས་ཤིང་། མྱུར་སྐྱོབ་སྣུམ་འཁོར་བོས། ས་ཆ་དེ་ནི་མཚོན་རྟགས་ཅན་གྱི་གནས་ཤིག་རེད། གང་ལགས་ཤེ་ན་དེ་རུ་དེ་སྔ་ཅེག་སི་ལོ་ཝ་ཀའི་སྲིད་འཛིན་དང་པོ་མཱ་ས་རི་ཀའི་(Masryk)སྐུ་འདྲ་ཞིག་བསླངས་ཏེ་ཆེས་ཐོག་མའི་དམངས་གཙོ་དང་རང་དབང་དྲན་གསོ་བྱ་ས་བྱེད་མྱོང་(༡༩༨༩ ལོར་སྐུ་འདྲ་དེ་བསྐྱར་བཞེངས་བྱས)།
མི་འགའ་རེ་ས་ཆ་དེ་རང་དུ་བསྡད་ཅིང་། འགའ་རེ་གནས་ཚུལ་དེ་བགྲོ་གླེང་བྱེད་པར་ཡོང་། མཐའ་མར་ཁྱོན་བསྡམས་པའི་མི་བརྒྱ་དང་ལྔ་བཅུ་ལྷག་འདུ་འཛོམས་བྱུང་ཞིང་། དེ་དག་ལས་འགའ་ཞིག་གིས་ཅེག་སི་ལོ་ཝ་ཀིའི་རྒྱལ་དར་ཁུར་འདུག་ལ། འགའ་རེས་ཚགས་ཤོག་ནས་དྲས་པའི་ཡཱན་པོ་ལ་ཁའི་སྐུ་པར་ཁུར་འདུག མི་མང་གིས་སྐུ་པར་གྱི་མདུན་དུ་ཡཱང་ལའང་སྤར་འདུག དེའི་དགོང་མོ་རང་ལ་མི་མང་གིས་ལ་ཝ་ཊིའི་དོན་རྐྱེན་དེ་ཤེས་པར་གྱུར། རྒྱུ་མཚན་ནི་དགོང་མོ་དེར་སྲིད་འཛིན་ལུ་ཌ་ཝིག་ས་ཝོ་བྷོ་ད་(Ludvík Svoboda)ཡིས་སེམས་ཚོར་དྲག་པོའི་བཅར་འདྲི་ཞིག་གི་སྐབས་སུ་དེའི་སྐོར་བཤད་འདུག ཁོས་གཞོན་སྐྱེས་རྣམས་ཀྱིས་ཡཱན་པོ་ལ་ཁའི་རྗེས་སུ་འབྲང་མི་རུང་ཚུལ་ཡང་བཤད་འདུག ཧོན་འཐོར་བའི་སྲིད་དོན་པ་ཞིག་གིས “ངས་ད་ལྟ་རང་གནས་ཚུལ་གོ་གསལ་ལ་གཞོན་སྐྱེས་ཤིག་གིས་བྱེད་སྟངས་དེ་ག་རང་གིས་རང་ཤི་བརྒྱབ་རྩིས་བྱས་འདུག་”ཅེས་བཤད་འདུག ས་ཝོ་བྷོ་དས་བསམ་པར་ལ་ཝ་ཊིའང་པ་ལ་ཁའི་ཚོགས་པའི་ཚོགས་མི་ཞིག་མིན་ནམ་སྙམ་སྟེ་ཞེད་སྣང་བྱུང་ཡོད་ཀྱང་དེའི་ཉིན་དོགས་པ་གང་ཡང་མ་ཆོད། ཕྱི་ཉིན་དེར་རླུང་འཕྲིན་དང་བརྙན་འཕྲིན་ལས་ཡོ་སེབ་ཧ་ལ་ཝ་ཊི་ནི་ར་བཟི་ཞིག་ཡིན་པ་དང་། སྒེར་གྱི་དཀའ་ངལ་ཞིག་གི་དབང་གིས་རང་ལུས་མེ་རུ་བསྒྲོན་པ་ལས་པ་ལ་ཁའི་དོན་རྐྱེན་དང་འབྲེལ་བ་གང་ཡང་མེད་པར་མ་ཟད། ཁོ་གཉིས་ཕན་ཚུན་ངོའང་མི་ཤེས་ཚུལ་རྒྱང་བསྒྲགས་བྱས། རུ་ཌེ་པ་ར་ཝོ་(Rudé právo)ཉིན་རེའི་གསར་ཤོག་སྟེང་དུ་ནང་སྲིད་ལྷན་ཁང་གི་དཔྱད་གཞིའི་ཡིག་ཆ་དང་ལྷན་དུ་དེ་དང་ཆ་མཚུངས་པའི་རྩོམ་ཡིག་ཅིག་ཀྱང་ཐོན།
ལོ་རྒྱུས་ཞིབ་འཇུག་གི་ཡིག་ཚགས་ལྟར་ན། ཡོ་སེབ་ཧ་ལ་ཝ་ཊི་ལགས་ནི་སྒེར་གྱི་དཀའ་ངལ་གཏིང་ཟབ་ཡོད་མཁན་ཞིག་རེད་འདུག་ཅིང་། ཁོང་ནི་བྷོ་རིའི་བཙོན་ཁང་གི་ཁང་དགེ་ཟུར་པ་ཞིག་གི་ཁྱིམ་དུ་འཚར་ལོངས་བྱུང་འདུག ཁོང་གིས་བཟོ་ལས་སྦྱངས་ཡོད་ཀྱང་ཆང་རག་ཚད་མེད་བཏུང་པ་དང་། འཛིན་གྲྭར་བཅར་ཐོ་མ་ལོང་པས་སློབ་གྲྭ་ནས་ཕྱིར་འབུད་བྱས། པིལ་ས་ནེར་ཨར་ཁང་དུ་ལས་ཀ་མ་བྱས་སྔོན་དུ་ཁོང་གིས་ལས་ཀ་ཁ་ཤས་བརྗེས་ཟིན་འདུག ༡༩༦༤ ལོར་ཁོང་གིས་ཆང་ས་བརྒྱབ་སྟེ་བྱིས་པ་གཉིས་ཡོད་མོད། ཆང་ས་དེ་སྐྱིད་པོ་མ་བྱུང་བས། ལོ་བཞིའི་རྗེས་སུ་ཆུང་མས་བཟའ་འཐོར་གྱི་རེ་འདུན་བཏོན། ཁོང་གཉིས ༡༩༦༩ ལོའི་ཟླ་བ་དང་པོའི་ཚེས་དགུ་ཉིན་སྟེ་ཁོང་རང་ལུས་མེ་བསྲེགས་མ་བྱས་སྔོན་གྱི་བདུན་ཕྲག་གཉིས་མ་ཟིན་ཙམ་གྱི་གོང་དུ་བཟའ་འཐོར་བྱས། ཞིབ་འཇུག་པ་ཚོས་ཁོང་ལ་ཕྲུ་གུ་གཉིས་ཆུང་མ་ཟུར་པའི་རྩར་བཞག་དགོས་པས་སེམས་སུ་དཀའ་ངལ་ཤུགས་ཆེན་འཕྲད་ཡོད་པ་ཤེས་ཡོད། ཁོང་གི་ཆུང་མ་དང་གྲོགས་པོ་ཚོས་ཁོང་གིས་རང་ཤི་བརྒྱབ་རྒྱུའི་སྐོར་ཐེངས་ཁ་ཤས་ལ་ལབ་མྱོང་ཚུལ་བཤད་ཡོད།
ལ་ཝ་ཊིའི་ཆུང་མ་ཟུར་པས་ཁོང་སྲིད་དོན་ལ་དོ་སྣང་མེད་ཚུལ་བཤད་ཡོད་ཀྱང་དཔང་མི་གཞན་རྣམས་ཀྱིས་དེའི་ལྡོག་ཕྱོགས་ཏག་ཏག་བཤད་ཡོད། ད་དུང་ཞིབ་འཇུག་སྙན་ཐོ་དེའི་ནང་དུ་ “༡༩༦༨ ལོའི་དོན་རྐྱེན་གྱི་སྐབས་སུ་ཁོང་འཁྲུག་ཆ་དོད། ཁོང་པིལ་སེན་གྱི་ཅེག་སི་ལོ་ཝ་ཀིའི་རླུང་འཕྲིན་ཁང་གི་རྩ་རུ་གནས་བཅས་ཀྱིན་ཡོད་ལ། སྲང་ལམ་གྱི་རྟགས་གསུབ་པ་དང་སུའུ་ཝེད་གཞུང་ལ་ཁ་གཏོད་བཅོག་པའི་འབོད་ཚིག་འབྲི་བ་བཅས་གཏོར་རྒོལ་གྱི་ལས་འགུལ་མང་པོར་མཉམ་ཞུགས་བྱས་ཡོད། སྐབས་དེ་དུས་ནས་ཁོང་ཨུ་རུ་སུ་མཉམ་འབྲེལ་ (USSR ཨུ་རུ་སུ་གཞུང་རྙིང་པའི་བསྡུས་མིང་།---སྒྱུར་མཁན་གྱི་མཆན) ལ་ཞེན་ལོག་འབྱུང་མགོ་བརྩམས། དེིའི་གོང་དུ་ཁོང་(ཁོང་གི་ཕ་མ་གཉིས་ལྟར)ཨུ་རུ་སུའི་སྲིད་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན། ཕྱིས་སུ་ཁོང་བླ་ཆད་པ་ལྟར་ཤིན་ཏུ་ཁུ་སིམ་པོར་སྡོད་མཁན་ཞིག་ཏུ་གྱུར་འདུག་ཀྱང་། དེའི་རྐྱེན་བཟའ་འཐོར་བྱས་པ་དེ་ཡིན་པའམ། པ་ལ་ཁའི་རང་བསྲེགས་དོན་རྐྱེན་དེ་ཡིན་པ་བཤད་ཁག་པོ་འདུག ཡིན་ཡང་གནས་ཚུལ་འདི་ཁོང་གིས་ནང་མི་དང་གྲོགས་པོ་སུ་ལའང་བཤད་མྱོང་མི་འདུག” ལྟས་ངན་པའི་ཉིན་དེར་ཁོང་ལི་ཌོ་ཝི་ཌུམ་(Lidový dům)ཟ་ཁང་དུ་སོང་ནས་ལྦི་རག་ཤེལ་དམ་འགའ་བཏུང་རྗེས། དགོང་མོའི་ཆུ་ཚོད་བདུན་པ་ཙམ་ལ་ཕ་མའི་ནང་དུ་སོང་ནས་ས་སྣུམ་འགྱིག་དམ་གང་ཁུར་ནས་ཌུ་ཀེལ་ས་ཀའི་བཞི་མདོའི་ཕྱོགས་སུ་བསྐྱོད་དེ། ས་ཆ་དེ་རང་དུ་རང་ལུས་མེར་བསྲེགས་བྱས་འདུག དེ་རྗེས་ཁོང་གཟུགས་པོ་ཕལ་ཆེ་བ་འཚིག་ཡོད་པས་ན་པིལ་སེན་དུ་བརྟན་གཞི་བཅས་པའི་དམག་མིའི་སྨན་ཁང་དུ་ཁུར་འདུག ཁོང་གི་གདོང་དང་བྲང་། གྲོད་ཁོག་བཅས་ངན་ཙམ་འཚིག་ཡོད་ཅིང་། མགོ་དང་རྒྱབ་གཉིས་དེ་ལས་སྡུག་པ་འཚིག་ཡོད། ༡༩༦༩ལོའི་སྤྱི་ཟླ་དང་པོའི་ཚེས་ཉེར་ལྔ་ཉིན་ཁོང་སྨན་ཁང་དུ་གྲོངས་ཡོད། ཁོང་གི་སྦྱོར་བ་དེ་རྩོད་གཞི་ཅན་ཆགས་པས་ན། ཁོང་གི་གཤིན་ཆོས་ཁུ་སིམ་མེར་བྱེད་དགོས་བྱུང་ཡོད།
>>>
BLAŽEK, Petr – EICHLER, Patrik – JAREŠ, Jakub a kol: Jan Palach ´69. FF UK – ÚSTR – Togga, Praha 2009.