ཤཱན་དྷོར་བྷ་ཨུར།

ཕྱི་ལོ་༡༩༥༢ སྤྱི་ཟླ་གཉིས་པའི་ཚེས་༢༡ ཉིན་བྷུ་ད་པེ་ས་ཊ་(Budapest)རུ།

ཕྱི་ལོ་༡༩༦༩ སྤྱི་ཟླ་དང་པོའི་ཚེས་༢༣ ཉིན་བྷུ་ད་པེ་ས་ཊ་རུ།

“བདག་གི་ཕ་མ་གཉིས་ལ་ཆེད་དུ་ཞུ་དོན། བརྩེ་བའི་ཨ་མ་ལགས་དང་ཨ་ཕ་ལགས། ང་བུ་ཕྲུག་བྱབས་ཆུང་ཞིག་ཏུ་གཟིགས་བྱུང་ན་ངས་ཁྱེད་གཉིས་ལ་སྙིང་ནས་དགོངས་དག་ཞུ། ང་མུ་མཐུད་དུ་འཚོ་འདོད་མོད། ཡིན་ཡང་རྒྱལ་ཁབ་དང་བཟོ་ལས་གྲལ་རིམ་གྱི་མི་རྣམས་ལ་ངའི་གཟུགས་པོ་འདི་དགོས་མཁོ་བྱུང་བ་རེད། དེ་བས་གཟུགས་པོ་འདི་ཐལ་བར་བསྒྱུར་དགོས་བྱུང་། བརྩེ་བའི་ཨ་ཕྱི་ལགས་དང་། ངའི་སྙིང་ནས་དགའ་བའི་ཨ་ཁུ་དང་སྤུན་མཆེད་རྣམ་པར། ངས་འོ་ས་ཡ་མང་པོ་ལྷན་དུ་བསྐུར་ཡོད། ས་ནི་ནས།”

ཤཱན་དྷོར་བྷ་ཨུར།

༡༩༦༩ ལོའི་ཟླ་བ་དང་པོའི་ཚེས་༢༠ཉིན་བྷུ་ད་པེ་ས་ཊ་རུ་ཡོད་པའི་རྒྱལ་ཡོངས་འགྲེམས་སྟོན་ཁང་གི་སྐས་འཛེག་སྟེང་དུ། རང་ལོ་བཅུ་དྲུག་ལ་སོན་ཞིང་མཚན་ལ་ཤཱན་དྷོར་བྷ་ཨུར་ཞུ་བ་ཞིག་གིས་རང་ཉིད་ཀྱི་གཟུགས་པོའི་སྟེང་དུ་ས་སྣུམ་བླུགས་ནས་རང་ལུས་མེར་བསྲེགས་གནང་ཡོད་པ་རེད། ཁོང་གིས་རང་ལུས་མེར་བསྲེགས་གནང་དོན་ནི་ཡཱན་པ་ལ་ཁ་ལ་རྒྱབ་སྐྱོར་གནང་ཕྱིར་དང་། ཅེག་སི་ལོ་ཝ་ཀི་ཡ་(Czechoslovakia) ཡི་དབང་བསྒྱུར་དང་། སོ་ཝེ་ཏའི་དམག་མི་ཧཱན་ག་རི་རུ་བསྡད་ཡོད་པ་བཅས་ལ་ངོ་རྒོལ་གནང་ཕྱིར་དེ་ལྟར་གནང་བ་རེད།

ཤཱན་དྷོར་བྷའུ་ཝེར་ལགས་ནི ༡༩༥༢ ལོའི་སྤྱི་ཟླ་གཉིས་པའི་ཚེས་༢༠ ཉིན་ཧཱན་ག་རིའི་རྒྱལ་ས་རུ་སྐུ་འཁྲུངས། ཁོང་ལ་མཚོན་ན་འཛམ་གླིང་དམག་ཆེན་གཉིས་པའི་མཐའ་རུ་སོ་ཝེ་ཏ་དམག་གིས་ཁུར་སོང་ཞིང་དེ་ནས་བཟུང་ཁོང་གི་ནང་མིས་རྙེད་པར་མ་གྱུར་བའི་སྤུན་མཆེད་ཞིག་གི་མིང་ནས་དྲས་ཏེ་བཏགས། ༡༩༥༦ སོ་ཝེ་ཏ་དམག་གི་ཁྲབ་ལྡན་འཁོར་ལོས་ཁོང་ཚང་གི་ཁང་པ་རྩ་གཏོར་བཏང་། སྲིད་དོན་རྙོག་གླེང་གི་རྐྱེན་པས་ཤཱན་དྷོར་ལགས་ནགས་ཚལ་སྲུང་སྐྱོབ་འབྲིང་རིམ་སློབ་གྲྭར་བསྐྱོད་མ་ཐུབ་པས། མཐར་སྣུམ་འཁོར་བསྐྱར་བཟོའི་སློབ་སྦྱོང་བྱེད་དགོས་བྱུང་།

ཁོང་དཔེ་དེབ་ཀློག་པར་ཤིན་ཏུ་དགའ་ཞིང་། གྲོགས་པོ་ཚོ་དང་ལྷན་དུ་སྲིད་དོན་སྐོར་ལ་བགྲོ་གླེང་གནང་བར་ཡང་མཉེས་པོ་ཡོད། བྷའུ་ཝེར་གྱི་ངོ་རྒོལ་ལས་འགུལ་ལ་ཞིབ་འཇུག་བྱེད་མྱོང་མཁན་ཧཱན་ག་རིའི་ལོ་རྒྱུས་སྨྲ་བ་ཡཱན་ནོས M རེ་ནེར་ལྟར་ན་ཤཱན་དྷོར་ལགས་ “ལ་ཆ་མི་སྙོམས་པའི་མི་གཤིས་ཤིག་ལྡན་ཞིང་། ཧཱན་ག་རི་རྒྱལ་ཁབ་དང་རྒྱལ་ཁབ་དེའི་རང་བཙན་གྱི་ཕྱོགས་སུ་དོ་སྣང་ཤུགས་དྲག་ཡོད་”འདུག ཁོང་གིས་འཛིན་གྲོགས་ཤིག་ལ་བསྐུར་བའི་འཕྲིན་ཡིག་ཅིག་ཏུ་འཁོད་ཡོད་པ་ལྟར་ཡཱན་པ་ལ་ཁའི་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་དེས་ཁོང་རང་ཉིད་རང་བསྲེགས་བྱེད་པའི་སྦྱོར་བ་དེར་ཐད་ཀར་ཤུགས་རྐྱེན་ཐེབས་ཡོད། ཡི་གེ་དེའི་ནང་དུ་ཁོང་ནི་ལེ་ཉིན་རིང་ལུགས་པ་ཞིག་ཡིན་པ་དང་། དེ་དུས་ཀྱི་སོ་ཝེ་ཏ་གཞུང་དེ་ནི་དམར་ཤོག་གི་ལྟ་བ་ལས་གོལ་ལམ་དུ་འཕྱན་ཟིན་པའི་དམར་པོའི་འཐུས་ཚབ་ཁང་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་སྐོར་འཁོད་ཡོད། ཁོང་གིས་རང་གི་གཉེན་ཉེ་རྣམས་ལ་ཡི་གེ་ཞིག་བྲིས་ཡོད་པའི་ནང་དུ་ཁོང་རྣམས་ལ་དགོངས་དག་ཞུས་ཡོད་པ་རེད། ཁོང་གིས་བདམས་གནང་བའི་རང་ལུས་མེར་བསྲེགས་བྱ་ས་དེ་ནི་ཡཱན་པ་ལ་ཁས་རང་ལུས་མེར་བསྲེགས་བྱ་ས་སྟེ་བྷུ་ད་པེ་ས་ཊའི་རྫོང་མཁར་གྱི་འགྲེམས་སྟོན་ཁང་གི་མདུན་གྱི་རྡོ་གཅལ་དེ་ཡིན་པས་མཚོན་རྟགས་ཀྱི་གལ་ཆེན་རང་བཞིན་ལྡན་པའི་གནས་ཤིག་རེད།

ཉེན་རྟོག་པས་ཉར་བའི་ཡིག་ཚགས་ལྟར་ན་ཁོང་གིས ༡༩༦༩ ལོའི་སྤྱི་ཟླ་དང་པོའི་ཚེས་ཉི་ཤུ་ཉིན་གྱི་དགོང་མོའི་ཆུ་ཚོད་དང་པོར་འགྲེམས་སྟོན་ཁང་གི་སྒོ་ཁ་སྟེ་ཧཱན་ག་རིའི་སྙན་ངག་པ་ཤཱན་དྷོར་པེ་ཊོ་ཧྥི་(Sandor Petofi)རྗེས་དྲན་གྱི་ཤིང་བྱང་དེའི་ཉེ་འགྲམ་ནས་རང་ལུས་ལ་ས་སྣུམ་བླུགས་ནས་རང་ལུས་མེར་བསྲེགས་གནང་འདུག སྐབས་དེར་ཁོང་གིས་ཧཱན་ག་རིའི་རྒྱལ་དར་གཉིས་ལག་ཏུ་བཟུང་ཞིང་། སྲིད་དོན་གྱི་མཚོན་དོན་ཅན་གྱི་འབོད་ཚིག་འདྲ་མིན་སྒྲོགས་བཞིན་རྒྱུགས་འདུག ལམ་འགྲུལ་བ་འགས་གཞོན་སྐྱེས་ཤིག་རང་གི་གོས་རྣམས་མེས་འཚིག་བཞིན་རྒྱུགས་པ་མཐོང་སྐབས་རྗེས་འདེད་བཏང་ནས་ཁོ་ཚོས་སྟོད་ཐུང་གིས་མེ་བསད་ཐབས་གནང་འདུག དོན་དངོས་མིག་གིས་མཐོང་མཁན་ཞིག་གིས་བརྗོད་གསལ་ལྟར་ན་བྷའུ་ཝེར་ལགས་ཀྱིས་སྨན་བཅོས་བྱེད་པ་ཞལ་བཞེས་མ་གནང་ཞིང་། ཁོང་གིས་ཅིའི་ཕྱིར་རང་ལུས་མེར་བསྲེགས་གནང་པའི་སྐོར་བཤད་ཡོད་འདུག ཁོང་གིས་ “ཅེག་(Czech)གྱི་སྤུན་མཆེད་གཞན་ཞིག་གིས་ཀྱང་འདི་ལྟར་གནང་ཡོད་”སྐོར་ཡང་བཤད་འདུག ས་དེར་མི་ཉིས་བརྒྱ་ནས་སུམ་བརྒྱའི་བར་དུ་འཛོམས་ཡོད་ཅིང་། དགོང་མོའི་ཆུ་ཚོད་དང་པོ་དང་སྐར་མ་ཉི་ཤུ་ཙམ་ལ་ཉེན་རྟོག་པས་བོས་པའི་ཉེན་སྐྱོབ་སྣུམ་འཁོར་ཡོང་འདུག བྷའུ་ཝེར་ལགས་ལུས་ཕལ་ཆེ་བ་མེས་འཚིག་ཡོད་པས་དམག་མིའི་སྨན་ཁང་ཞིག་ཏུ་ཁུར་ཞིང་། དེར་གསང་བའི་ལས་ཁུངས་ཀྱིས་ཁོང་ལ་འདྲི་བརྩད་བྱས། ༡༩༦༩ ལོའི་སྤྱི་ཟླ་དང་པོའི་ཚེས་ཉེར་གཉིས་ཉིན་ཁོང་གིས་རང་ལུས་མེར་བསྲེགས་གནང་དོན་ནི་སོ་ཝེ་ཏ་གཞུང་གིས་ཧཱན་ག་རི་ལ་དབང་སྒྱུར་བྱེད་པར་ངོ་རྒོལ་བྱ་ཕྱིར་ཡིན་ཚུལ་ཕྱི་བསྒྲགས་གནང་བས། ཁོང་སྨན་ཁང་དུ་ཡོད་བཞིན་དུ་འཛིན་བཟུང་བྱས། ཉིན་གཅིག་གི་རྗེས་སུ་ཁོང་གྲོངས་ཡོད་པ་རེད། གསང་བའི་ལས་ཁུངས་ཀྱིས་བྷའུ་ཝེར་གྱི་ཕ་མ་གཉིས་ལ ༡༩༦༩ ལོའི་ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་ཁུ་སིམ་མེར་ཁོང་གི་སྐུ་ཕུང་ས་སྦས་བྱེད་དགོས་པའི་བཙན་སྐུལ་བྱས་ཤིང་། ཁོང་གི་གྲོགས་པོ་རྣམས་ལ་ཞིབ་འཇུག་དམ་པོར་བྱ་མགོ་བརྩམས། ཁོང་གི་གྲོགས་པོ་གཉིས་ལ་ནག་ཉེས་གང་ཡང་མེད་པར་ལོ་དེའི་ཟླ་བ་གསུམ་པའི་བར་དུ་བཙན་འཇུག་བྱས། བྷའུ་ཝེར་གྱི་རྒྱུ་ཅ་ལག་དང་། ཉིན་ཐོ། ཁ་ཆེམས་ཡི་གེ་རྣམས་གཞུང་བཞེས་བྱས། ༡༩༦༩ ལོའི་ཟླ་བ་དང་པོའི་ཚེས་ཉེར་གཉིས་ཉིན་ཧཱན་ག་རིའི་ཚགས་པར་ཁང་གིས་བྷའུ་ཝེར་ལགས་ནི་ཤེས་པ་རྣལ་དུ་མི་གནས་པའི་མི་ཞིག་ཡིན་པ་ལས་ཁོང་གི་སྦྱོར་བ་དེ་སྲིད་དོན་དང་འབྲེལ་བ་གང་ཡང་མེད་ཚུལ་གྱི་གསལ་བསྒྲགས་རྩོམ་ཡིག་ཐུང་ངུ་ཞིག་སྤེལ། ཚགས་པར་ཁང་དེའི་གནས་ཚུལ་ལ་གཞི་བཅོལ་ནས་ཅེག་སི་ལོ་ཝ་ཀའི་གསར་ཁང་ནས་ཀྱང་གནས་ཚུལ་དེ་གླེང་ཙམ་བྱས། ཧཱན་ག་རི་རུ་ཤཱན་དྷོར་བྷའུ་ཝེར་ལགས་ཀྱི་གནས་ཚུལ་དེ ༡༩༨༠ ནང་གི་བར་མང་ཚོགས་ཁྲོད་གླེང་མི་ཆོག་པར་གྱུར་ཡོད། ༡༩༨༠ ནང་དུ་གནས་ཚུལ་དེ་ཧ་ལམ་གཏན་བརྗེད་དུ་ཕྱིན་ཟིན། ༡༩༨༩ ལོར་གློག་བརྙན་འཁྲབ་ཁྲིད་པ་སོལ་ཊ་བྷ་ལོ་གྷ་(Zsolta Balogh) ཡིས་དངོས་བྱུང་བརྙན་འཕྲིན་ཞིག་བཟོས་གནང་ཞིང་། དེའི་ནང་དུ་ཁོས་བྷའུ་ཝེར་ལགས་ཀྱི་གྲོགས་པོ་དང་གནས་ཚུལ་དེ་མིག་གིས་མཐོང་མཁན་རྣམས་ལས་དཔང་རྟགས་འཚོལ་སྡུད་བྱས་ཡོད། དེའི་བར་དུ་གནས་ཚུལ་དེ་ཁྱབ་བརྡལ་ཕྱིན་མེད། ༢༠༠༡ ལོར་ཁོང་གིས་ངོ་རྒོལ་གནང་ས་དེར་ཤིང་བྱང་ཞིག་བསླངས་ཤིང་། ༢༠༡༡ ལོར་བྷུ་ད་པེ་ས་ཊ་སྲང་ལམ་ལ་ཁོང་གི་མཚན་བཏགས་ཡོད།

>>>

HRADILEK, Adam (ed.): Za vaši a naši svobodu. Torst – ÚSTR, Praha 2010.

EISLER, Jerzy: Polski rok 1968. Instytut Pamięci Narodowej – Komisja Ścigania Zbrodni przeciwko Narodowi Polskiemu, Warszawa 2006.

KAMIŃSKI, Łuskaz: První živá pochodeň ve východním bloku. Ryszard Siwiec (1909–1968), In: BLAŽEK, Petr – EICHLER, Patrik – JAREŠ, Jakub a kol: Jan Palach ´69. FF UK – ÚSTR – Togga, Praha 2009, s. 115–127.

Filmové dokumenty

1968, režie Zsolt Balogh, 1989, 85 min.

Smrt v plamenech 1969, režie Tamás Horváth, 2002, 26 min.